ལྷ་སའི་ལྷོ་རི་བྱང་རིའི་ལས་གྲྭར་རྣམ་གླིང་རྫོང་གི་མང་ཚོགས་ཡོང་འབབ་གསོག་པར་ཡོང་བ།
རི་བོ་དེ་བས་སྔོ་ལྗང་དང་མང་ཚོགས་དེ་བས་འབྱོར་ཕྱུག་ལྡན།
བྱས་པའི་ལས་ལ་འབྲས་བུ་ཐོབ་ངེས་རེད། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་ལས་འགོ་ཚུགས་པ་ནས་བཟུང་རྣམ་གླིང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“ངལ་ནུས་རྫོང་ཆེན་པོའི”དོན་དངོས་ལ་གཞི་ཚུགས་ནས་གོ་སྐབས་དམ་འཛིན་གྱིས་རང་འགུལ་ངང་ལས་དོན་སྤེལ་ཏེ“སྲིད་གཞུང་གིས་སྤྱི་འདོམས་དང་། གཞུང་ཁོངས་ཁེ་ལས་ཀྱིས་འཁོར་སྐྱོད། མང་ཚོགས་ཞུགས་པ་བཅས”ཀྱི་བྱེད་ཐབས་སྤྱད་དེ་རྫོང་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་རྣམ་གླིང་རྫོང་པའེ་ཤིང་ངལ་ནུས་ཀུང་སིའི་སྣེ་ཁྲིད་འོག་ཤང(གྲོང་རྡལ)གི་ངལ་ནུས་ཡན་ལག་ཀུང་སི་17ས་ཚིགས་སུ་བྱས་ནས་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དཔེ་སྟོན་ཁུལ་རང་ངོས་ནས་འཛུགས་སྐྲུན་བྱས་པའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་གང་ལེགས་སྤྱད་དེ་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་ཀྱིས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་སུ་བཅུག་སྟེ་སྐྱེ་ཁམས་སྟོབས་ཆེར་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
ལྗོན་ཤིང་འཛུགས་པ་དང་མང་དུ་གཏོང་བའི་འགག་རྩ་ནི་གསོན་ཐུབ་པ་བྱ་རྒྱུ་དེ་རེད། དེར་བརྟེན་ནས་རྣམ་གླིང་རྫོང་གིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ལས་གནས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་གནས་ཚུལ་དང་། ལས་ཞུགས་ཀྱི་གནས་ཚུལ། ལས་ཞུགས་ཀྱི་འདོད་མོས་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། རང་སྐྱོང་ལྗོངས་ནགས་ལས་ཚན་རིག་ཞིབ་འཇུག་ཁང་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་སྡོང་ཕྲུག་འདེབས་འཛུགས་ཐད་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་ལག་ལེན་བཀོལ་སྤྱོད་སོགས་ཀྱི་བྱེད་ཐབས་བརྒྱུད་ལས་ཀས་སྦྱོང་བརྡར་གྱི་ཚབ་བྱས་པས་ལས་བཟོའི་འཇོན་ནུས་ཆེ་རུ་ཕྱིན་ཡོད།
རྣམ་གླིང་རྫོང་ནས་ཡིན་པའི་པད་མ་རྡོ་རྗེ་ནི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་དོག་སྡེ་ཡུག་ཁུལ་གྱི་འགན་འཁུར་བ་ཞིག་ཡིན། ཁོང་གིས་ལས་ཀ་བྱེད་བཞིན་དུ་མི་གཞན་ལ་ཤིང་འཛུགས་སྐབས་དོ་སྣང་བྱེད་དགོས་རིགས་དྲན་སྐུལ་བྱེད་བཞིན་པ་གསར་འགོད་པས་མཐོང་།
“ང་འདི་གར་སླེབས་མ་ཐག་བཟོ་པ་30ལྷག་ཙམ་གྱི་ཙུའུ་ཀྲང་གི་འགན་འཁུར་གྱི་ཡོད། ད་ཆ་བཟོ་པ་180ལྷག་ཙམ་ལ་དོ་དམ་བྱེད་དགོས་ཀྱི་འདུག ལས་ཀ་ག་ཚོད་ཀྱིས་མང་བ་བྱས་ནས་ཡོང་འབབ་ཀྱང་དེ་ཚོད་ཀྱིས་མང་བ་གསོག་ཐུབ་པ་མ་ཟད། ད་དུང་ལག་རྩལ་སྦྱོང་ཐུབ་ཀྱི་ཡོད། མི་མང་པོ་ཞིག་རྣམ་གླིང་རྫོང་ནས་འདི་གར་ལས་ཀ་བྱེད་པར་ཡོང་གི་ཡོད”ཅེས་པད་མ་རྡོ་རྗེས་གསར་འགོད་པར་བཤད།
“དེ་བས་གལ་འགངས་ཆེ་བ་ཞིག་ནི་ཚང་མས་ལས་གཏོད་འབབ་འཕར་བྱུང་བ་དང་དུས་མཚུངས། ངལ་རྩོལ་གྱི་དོན་སྙིང་དང་ཤིང་འཛུགས་ནགས་བཟོ་དང་ཁོར་ཡུག་མཛེས་སུ་གཏོང་བའི་གལ་ཆེའི་རང་བཞིན་མྱོང་ཚོར་ཟབ་མོ་ཐུབ་ཡོད”ཅེས་པད་མ་རྡོ་རྗེས་བཤད།
རྣམ་གླིང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འགན་འཁུར་བ་སྐལ་བཟང་གཡུ་སྒྲོན་གྱིས་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་གཉིས་རིང་སྒྲིག་འཛུགས་ཅན་དང་ཆེད་ལས་ཅན་ལག་བསྟར་བྱས་པ་བརྒྱུད། ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་འབབ་འཕར་བྱུང་བ་དང་ཆབས་ཅིག་ཤིང་འཛུགས་ནགས་བཟོའི་ནང་ཞུགས་པའི་ཧུར་སེམས་དང་། སྔོ་གཅེས་སྔོ་སྲུང་གི་འདུ་ཤེས་ཀྱང་རིམ་གྱིས་ཟབ་ཏུ་ཕྱིན་ནས་དཔལ་འབྱོར་གྱི་ཕན་འབྲས་དང་། དམངས་འཚོའི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་བཟང་པོ་ཐོན་ཡོད། མིག་སྔའི་བར་རྣམ་གླིང་རྫོང་གིས་མི་ཐབས་ལ་བརྟེན་ནས་ནགས་བཟོ་དང་། མི་ཐབས་ལ་བརྟེན་ནས་འདེབས་འཛུགས། ངལ་ནུས་འགན་གཙང་ལེན་པ་སོགས་ཀྱི་རྣམ་གྲངས་ཐེངས་10ལྷག་ཙམ་སྤེལ་བ་དང་རིམ་རྩིས་བྱས་ན་ནགས་བཟོའི་རྒྱ་ཁྱོན་མུའུ་17000ཟིན་པ་དང་མི་ཐབས་ལ་བརྟེན་ནས་མུའུ་ཁྲི་2ལྷག་ཙམ་འདེབས་འཛུགས་བྱས་ཡོད། རིམ་རྩིས་བྱས་ན་ཞིང་འབྲོག་མང་ཚོགས་མི་ཐེངས་7389བཏང་བར་ཁེ་གཙང་ཡོང་འབབ་སྒོར་ཁྲི་2419ལྷག་ཙམ་བྱུང་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་7600ལྷག་ཙམ་འཕར་ཡོད།
“‘ལྷ་སའི་རི་བོ་སྔར་བས་སྔོ་ཐིང་ངེར་གྱུར་པ་དང་རྣམ་གླིང་རྫོང་གི་མང་ཚོགས་སྔར་བས་ཕྱུག་ཏུ་སོང་ཡོད’ཅེས་རྫོང་ནང་དུ་ཚང་མས་དེ་ལྟར་བརྗོད་ཀྱི་ཡོད། ལོ་གསར་གཏོང་སྐབས་ཕན་ཚུན་མཚམས་འདྲི་བྱེད་སྐབས‘ལྷོ་རི་བྱང་རིར་ཤིང་འཛུགས་པར་ཕྱིན་པ་ཡིན་ནམ’ཞེས་འདྲི་གི་ཡོད”ཅེས་རྣམ་གླིང་རྫོང་གི་མང་ཚོགས་བསྟན་འཛིན་གྱིས་སྤྲོ་སྣང་ཆེན་པོས་བཤད།
རྣམ་གླིང་རྫོང་གིས་ཞི་ཅིན་ཕིང་གྱི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་པ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་ཀྱི་རང་མདངས་ཟབ་གཏོད་བྱས་ནས་རྫོང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་ཆེད་འབྲེལ་ཟམ་འཛུགས་པ་དང་། ལྷ་སའི་ལྷོ་རི་བྱང་རི་སྔོ་ལྗང་དུ་འགྱུར་བར་བྱེད་པ། སྔོ་ལྗང་གིས་སྐྱེ་ཁམས་ཤེས་དཔལ་གྱི་ས་རྒྱུ་བརླན་པར་བྱེད་པ་བཅས་བྱས་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྐྱེ་ཁམས་དམངས་ཕྱུག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཟམ་མི་ཆད་པར་གཏོད་རྒྱུ་རེད།