ལས་རིགས་ཁག་གི་མི་སྣས་སུན་ཀྲུང་ཧྲན་སྐུ་གཤེགས་ནས་ལོ་99འཁོར་བར་དྲན་གསོ་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གྱི་སྔ་དྲོ། རྒྱལ་སའི་ལས་རིགས་ཁག་གི་མི་སྣ་པེ་ཅིང་ཀྲུང་ཧྲན་སྤྱི་གླིང་ཀྲུང་ཧྲན་ཐང་དུ་འཛོམས་ནས་རྔམ་བརྗིད་ལྡན་པའི་མཛད་སྒོ་སྟབས་བདེ་ཞིག་འཚོགས་ཏེ་སྐུ་ཞབས་སུན་ཀྲུང་ཧྲན་སྐུ་གཤེགས་ནས་ལོ་99འཁོར་བར་དྲན་གསོ་ཞུས་པ་དང་རླབས་ཆེན་གྱི་དམངས་གཙོའི་གསར་བརྗེའི་སྔོན་བྱོན་པ་ཁོང་ལ་རྗེས་དྲན་ཟབ་མོ་ཞུས་པ་རེད།
སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ལ་མཛད་སྒོར་ཞུགས་མཁན་ལས་རིགས་ཁག་གི་མི་སྣས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་འཇིམ་བརྙན་མདུན་དུ་གུས་སྟབས་ཀྱིས་ལངས་ནས་ངག་བསྡམས་ཏེ་མྱ་ངན་ཞུས་པ་དང་འབྲེལ་གུས་འདུད་ཐེངས་གསུམ་ཞུས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེན་གཡོད་གཡོད་ཀྱིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་པ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་མཱ་ལི་ཧོའེ་ཡིས་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་ཚབ་ཞུས་པ། པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་སི་མ་ཧུང་གིས་པེ་ཅིང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་པེ་ཅིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཝང་ཧུང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་པེ་ཅིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་འཇིམ་བརྙན་ལ་མེ་ཏོག་སི་ར་ཕུལ་བ་རེད།
དྲན་གསོའི་མཛད་སྒོ་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧོ་པའོ་ཞང་གིས་གཙོ་སྐྱོང་གནང་བ་རེད།
རྒྱལ་ཡོངས་སྲིད་གྲོས་དང་། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་། པེ་ཅིང་གྲོང་ཁྱེར་སོགས་ཕྱོགས་ཁག་གི་འགན་འཁུར་བློ་མཐུན་མཛད་སྒོར་ཞུགས་པ་རེད།