དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཕྱོགས་ཀྱིས་ལྷོ་སུའུ་ཏན་གྱི་ཆབ་སྲིད་འཕེལ་རིམ་ལ་དགེ་མཚན་ལྡན་པའི་རྒྱབ་སྐྱོར་བྱེད་དགོས་པའི་རེ་འབོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-14

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཚོགས་པའི་གནས་སྐབས་ལས་ཚབ་ཏའེ་པིང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་ལྷོ་སུའུ་ཏན་གྱི་གནད་དོན་ལ་གྲོས་ཞིབ་བྱེད་སྐབས་གཏམ་བཤད་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལྷོ་སུའུ་ཏན་གྱི་ཆབ་སྲིད་འཕེལ་རིམ་ལ་དགེ་མཚན་ལྡན་པའི་རྒྱབ་སྐྱོར་བྱས་ཏེ་ལྷོ་སུའུ་ཏན་གྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་དངོས་དངོས་རྗེན་རྗེན་གྱི་རོགས་རམ་བྱེད་དགོས་པའི་རེ་འབོད་བྱས་པ་རེད།

    ཏའེ་པིང་གིས། ཉེ་བའི་དུས་སྐབས་ཤིག་རིང་ལྷོ་སུའུ་ཏན་གྱི་དབང་འཛིན་ལས་ཁུངས་ཀྱིས་འདེམས་བསྐོ་ཆེ་མོའི་གྲ་སྒྲིག་ལས་དོན་ཧུར་ཐག་སྤེལ་ཏེ། འདེམས་བསྐོ་ཨུ་ལྷན་དང་རྩ་ཁྲིམས་ཞིབ་བཤེར་ཨུ་ལྷན་སོགས་སྒྲིག་གཞིའི་འགན་བསྒྲུབ་ལ་སྐུལ་འདེད་བཏང་བ་དང་། གཅིག་གྱུར་དཔུང་སྡེ་མུ་མཐུད་བཀོད་སྒྲིག་བྱས་པར་ཐོབ་པའི་གྲུབ་འབྲས་དེ་དག་མིག་མཐོང་ལག་ཟིན་རེད། ཀྲུང་གོ་ཕྱོགས་ཀྱིས་ལྷོ་སུའུ་ཏན་གྱི་ཕྱོགས་ཁག་གིས་བསྐྱར་དར་གྱི་གྲོས་མཐུན་དང་དུས་འགྱངས་ལམ་ཐིག་གི་འགག་རྩའི་ཚད་གཞི་མགྱོགས་མྱུར་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ཆབ་སྲིད་ཀྱི་བར་བརྒལ་དང་འདེམས་བསྐོ་ཆེ་མོར་མཐུན་རྐྱེན་བསྐྲུན་རྒྱུ་ཡིན། གསལ་བཤད་བྱེད་དགོས་པ་ཞིག་ལ། འདེམས་བསྐོ་ཆེ་མོ་ནི་ལྷོ་སུའུ་ཏན་གྱི་ནང་སྲིད་རེད། མིག་སྔར་ཆབ་སྲིད་བར་བརྒལ་ལ་སྐུལ་འདེད་གཏོང་བ་དང་འདེམས་བསྐོ་ཆེ་མོ་གྲ་སྒྲིག་བྱེད་པ་སོགས་ཀྱི་ཐད་ལྷོ་སུའུ་ཏན་ལ་དངོས་ཡོད་ཀྱི་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངང་རྒྱུད་རིང་པོས་ལྷོ་སུའུ་ཏན་གྱི་བདག་དབང་དང་གཙོ་ཁྲིད་དབང་ཆར་བརྩི་འཇོག་གང་ལེགས་བྱས་ཏེ། ལྷོ་སུའུ་ཏན་གྱི་ནང་སྲིད་ལ་གནོན་ཤུགས་སྤྲོད་པ་དང་ཐེ་ཇུས་བྱེད་པའམ་ཡང་ན་དམངས་གཙོའི་བར་བརྒལ་ལ་བཙན་ཤེད་ཀྱིས་སྐུལ་འདེད་གཏོང་བ་སོགས་མི་ཡོང་བ་བྱེད་དགོས། དེས་ལྷོ་སུའུ་ཏན་ཡུན་རིང་བདེ་འཁོད་ལ་ཕན་པ་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ཟིང་ཆ་གསར་པ་ཞིག་ཀྱང་ཐོན་སྲིད་ཅེས་བརྗོད་པ་རེད།

    ཏའེ་པིང་གིས། ལྷོ་སུའུ་ཏན་དུ་བཅའ་སྡོད་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངགས་ཚོགས་པས(ལྷོ་སུའུ་ཏན་ལ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་པ)ལྷོ་སུའུ་ཏན་གྱི་དབང་འཛིན་ལས་ཁུངས་ཀྱིས་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་མི་སེར་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གཙོ་བོ་འཁུར་རྒྱུར་སྔོན་ལ་རྒྱབ་སྐྱོར་བྱེད་དགོས། གསལ་བཤད་བྱེད་དགོས་པ་ཞིག་ལ། གོ་མཚོན་སྐྱེལ་འདྲེན་བཀག་སྡོམ་བྱས་པ་ལས་ལྷོ་སུའུ་ཏན་གྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་ཡུན་རིང་ཤུགས་རྐྱེན་ངན་པ་བཟོས་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལྷོ་སུའུ་ཏན་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འབོད་སྒྲར་གཞིགས་ནས་ལྷོ་སུའུ་ཏན་ལ་བཀག་སྡོམ་བྱེད་པའི་བྱ་ཐབས་གང་མགྱོགས་མེད་པར་བཟོ་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལྷོ་སུའུ་ཏན་གྱིས་མི་ཆོས་ཉམས་ཉེན་ལ་ཁ་གཏད་གཅོག་པར་རོགས་རམ་བྱས་ནས་སུའུ་ཏན་གྱི་གདོང་ཐུག་ལས་ལྷོ་སུའུ་ཏན་སོགས་ཁྱིམ་མཚེས་རྒྱལ་ཁབ་ལ་བཟོས་པའི་ཕྱིའི་ཤུགས་རྐྱེན་ཆུང་དུ་བཏང་སྟེ། ས་ཁུལ་གྱི་ཐུན་མོང་བདེ་འཇགས་སྲུང་སྐྱོང་བྱེད་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།