དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་གསུམ་པར་གྲུབ་འབྲས་དངོས་ཐོབ་པ།

    ཀྲུང་གོ་ཕྱོགས་ཀྱི་དགེ་མཚན་ལྡན་པའི་ཕན་ནུས་ལ་བསྔགས་བརྗོད་ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-14

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨབ་ཀྲ་པེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་གསུམ་པ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨབ་ཀྲ་པེ་རུ་གྲོལ་བ་རེད། གྲོས་བསྡུར་ཐེངས་མང་བྱས་པ་བརྒྱུད་ད་ཐེངས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུར“1+10”ཡི་གྲུབ་འབྲས་དངོས་ཐོབ་པའི་ངོས་འཛིན་བྱུང་བ་རེད། ཚོགས་འདུ་འཚོག་རིང་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་དགེ་མཚན་ལྡན་པའི་ནུས་པར་ཕྱོགས་ཁག་གི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་པ་རེད།

    དེ་ཉིན་གྱི་མཇུག་འགྲིལ་མཛད་སྒོའི་ཐོག་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིས《ཨབ་ཀྲ་པེའི་པུའུ་ཀྲང་གི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་ནས་ཕྱོགས་མང་ཚོང་དོན་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་ཁས་ལེན་བྱས་པ་རེད། བསྒྲགས་གཏམ་ནང་ད་དུང་འཛམ་གླིང་ཚོང་དོན་རྩ་འཛུགས་ཁྲོད་ཀྱི་ཕྱོགས་མང་འཕེལ་རྒྱས་ཀྱི་ལྟེ་བའི་གནས་བབ་ནན་བཤད་བྱས་པ་དང་ཆབས་ཅིག མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲོས་རིམ་སོགས་ཐད་ཀྱི་ཕྱོགས་མང་ཚོང་དོན་ལམ་སྲོལ་གྱི་ནུས་པ་ཁས་ལེན་ཡང་བྱས་པ་རེད།

    ཀྲུང་གོ་ཕྱོགས་ཀྱིས་ངོས་འཛིན་བྱས་དོན། ད་ཐེངས་ཀྱི་ཚོགས་འདུ་ནི་ཕྱོགས་མང་རིང་ལུགས་ལ་བསྐྱར་དུ་རྒྱལ་ཁ་གལ་ཆེན་ཞིག་ཐོབ་པ་ཡིན་པ་དེ་ཐོག་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིས་ཟམ་མི་ཆད་པར་ཆེ་རུ་འགྲོ་བའི་འཕེལ་རྒྱས་ཀྱི་འགལ་རྐྱེན་ཆེན་པོའི་མདུན་དུ་འཕེལ་རྒྱས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ནུས་ལྡན་གྱི་བྱ་སྤྱོད་ལག་བསྟར་བྱས་པའི་ཆོད་སེམས་མཚོན་པ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིས་རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་མཐུན་སྒྲིལ་རོགས་ལས་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པའི་ནུས་པ་མངོན་ཡོད། ཚོགས་འདུ་འཚོགས་པ་དེས་ཕྱོགས་མང་ཚོང་དོན་ལམ་སྲོལ་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་ནས་གོ་ལ་ཧྲིལ་པོའི་ཚོང་དོན་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཚོགས་འདུའི་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱས་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་ནང་ཕྱོགས་ཡོངས་དང་གཏིང་ཟབ་ངང་ཞུགས་ཏེ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་མིའི་ལུགས་མཐུན་གྱི་ཁེ་དབང་སྲུང་སྐྱོང་བྱས་ནས་མུ་མཐུད་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྒྲིག་ནང་ཞུགས་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་འབུལ་གྱི་ཡིན།

    པུའུ་ཀྲང་རིམ་པའི་ཚོགས་འདུ་ནི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཇུས་ཐག་གཅོད་མཁན་སྒྲིག་གཞི་མཐོ་ཤོས་ཡིན་ལ་དེས་གཙོ་གནད་གྲོས་འཆར་གྱི་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྒྱུན་གཏན་ལས་དོན་ལ་གྲོས་ཞིབ་བྱེད་པ། ཕྱོགས་མང་ཚོང་དོན་ལམ་སྲོལ་གྱི་འབྱུང་འགྱུར་འཕེལ་རྒྱས་ཁ་ཕྱོགས་འཆར་འགོད་བྱེད་པ་བཅས་ཀྱི་འགན་འཁུར་གྱི་ཡོད། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མི་དང་། ལྟ་དཔྱད་པ། ཚོང་དོན་པུའུ་ཀྲང་། འཐུས་མི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།