དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཅི་ཧྲི་ཧྲན་ས་ཡོམ་ཁྲོད་གནོད་འཚེ་ཕོག་པའི་མང་ཚོགས་དུད་ཚང་ཁྲི་14.8ཙམ་ལོ་མཇུག་གོང་སྡོད་ཁང་གསར་པར་སྤོ་ཐུབ་ཀྱི་ཡོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ན་ནིང་གི་ཟླ་12ཚེས་18ཉིན་ཅི་ཧྲི་ཧྲན་དུ་ས་ཡོམ་བརྒྱབ་ནས་ཀན་སུའུ་ཞིང་ཆེན་ཀ་ཆུ་ཀྲོའུ་དང་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་མང་ཚོགས་དུད་ཚང་ཁྲི་14.8ཙམ་གྱི་སྡོད་ཁང་ལ་གཏོར་སྐྱོན་ཕོག་པའི་ཁྲོད། ཀ་ཆུ་ཀྲོའུ་ཡི་དུད་ཚང་ཁྲི་11ཙམ་དང་མཚོ་ཤར་གྲོང་ཁྱེར་གྱི་དུད་ཚང་ཁྲི་3.8ཙམ་ཡོད་པ་རེད།

    ཀན་སུའུ་ཞིང་ཆེན་ཀ་ཆུ་ཀྲོའུ་ཡི་ཀྲོའུ་ཀྲང་ཧོ་ཏུང་གིས། ཅི་ཧྲི་ཧྲན་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་དེ་འཆར་འགོད་དོན་འཁྱོལ་དང་རྣམ་གྲངས་སྐུལ་སྤེལ་གྱི་དུས་མཚམས་སུ་སླེབས་ཡོད་པ་དང་ཀ་ཆུ་ཀྲོའུ་ཡི་བསྐྱར་སྐྲུན་རྣམ་གྲངས་ཚང་མ་ཟླ་གསུམ་པའི་ཟླ་དཀྱིལ་དུ་ཕྱོགས་ཡོངས་ནས་འགོ་འཛུགས་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཧོ་ཏུང་གིས། ཀ་ཆུ་ཀྲོའུ་ཡི་མང་ཚོགས་དུད་ཚང་ཁྲི་9ཙམ་གྱི་སྡོད་ཁང་ལ་ཉམས་བཟོ་དང་བརྟན་དུ་གཏོང་དགོས་ཀྱི་འདུག་ལ་འདི་ལོའི་ཟླ་བདུན་པའི་གོང་ལེགས་སྒྲུབ་བྱེད་ཐུབ། གཞན་ཡང་། མང་ཚོགས་དུད་ཚང་ཁྲི་2ཙམ་གྱི་སྡོད་ཁང་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པའི་ཁྲོད། དུད་ཚང་ཁྲི་1ཙམ་གཅིག་སྡུད་བཀོད་སྒྲིག་བྱས་ཡོད་པ་དང་དུད་ཚང་ཁྲི་1ཙམ་སྔོན་མའི་གནས་ཡུལ་དུ་སྡོད་ཁང་བསྐྱར་སྐྲུན་བྱེད་ཀྱི་ཡོད་ལ་འདི་ལོའི་ཟླ་དགུ་པའི་གོང་ཚང་མ་ལེགས་སྒྲུབ་བྱེད་ཐུབ་ཅེས་གསུངས་པ་རེད།

    མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཧྭ་ཅེ་ཡིས། ས་ཡོམ་ལས་མཚོ་ཤར་གྱི་མང་ཚོགས་དུད་ཚང་ཁྲི་3.8ཙམ་གྱི་སྡོད་ཁང་ལ་གཏོར་སྐྱོན་ཕོག་ཡོད། མཚོ་སྔོན་མཐོ་གྲང་ཁུལ་ཡིན་པས་དགུན་དུས་དྲོད་ཚད་ཧ་ཅང་དམའ། དེར་བརྟེན་ཁང་ཕྱིའི་རྣམ་གྲངས་ཁག་ཟླ་གསུམ་པའི་ཟླ་མཇུག་གོང་སྐྲུན་འགོ་འཛུགས་རྒྱུ་དང་གཏོར་སྐྱོན་ཐེབས་པའི་སྡོད་ཁང་ཉམས་བཟོ་དང་བརྟན་དུ་གཏོང་བའི་ལས་དོན་ཟླ་བདུན་པའི་གོང་དུ་ལེགས་སྒྲུབ་ཐུབ་རྒྱུ་དང་། ཞིག་ལོག་སྡོད་ཁང་གི་བསྐྱར་སྐྲུན་ལས་དོན་ཟླ་བཅུ་པའི་གོང་ལེགས་སྒྲུབ་ཐུབ་ནས། འདི་ལོའི་ལོ་མཇུག་གོང་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་སྡོད་ཁང་གསར་པར་སྤོ་ཐུབ་པ་བྱ་རྒྱུ་ཡིན། ཁོང་གིས། གེགས་རྗེས་བསྐྱར་སྐྲུན་འཆར་འགོད་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་གྲོན་ཆུང་གོ་ཆོད་དང་གེགས་སེལ་གེགས་འགོག་ནུས་པ་ཆེ་རུ་གཏོང་རྒྱུ་དང་གཅིག་གྱུར་བྱས་པ་དང་། ཡུལ་སྲོལ་ཡུལ་རྣམ་སོར་ཉར་བྱ་རྒྱུ་དེ་གྲོང་གསེབ་ཀྱི་སྲོལ་རྒྱུན་རྣམ་པ་སྲུང་སྐྱོང་དང་ཐོན་སྐྱེད་འཚོ་བ་དང་སྐྱེ་ཁམས་བར་མཐོངས་བཀོད་སྒྲིག་ལུགས་མཐུན་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།