དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-14

    མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པ་དང་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ་4000ལྷག་ཙམ་ཟིན་པའི་བོད་འདི་རང་རྒྱལ་གྱི་མཐའ་མཚམས་གནས་ཚུལ་རྙོག་འཛིང་ཆེ་ཤོས་དང་མཐའ་མཚམས་ཀྱི་འཐབ་རྩོད་རྣོ་ངར་ཆེ་ཤོས་ཀྱི་ས་ཁུལ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་གནང་བའི་འཕྲིན་ལན་ནང་། རྒྱལ་ཁབ་ཡོད་ཚེ་གཞི་ནས་ཁྱིམ་ཚང་ཡོད་པ་དང་། རྒྱལ་མཚམས་ཀྱི་ལྷིང་འཇགས་མེད་ཚེ་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་མེད་ཅེས་ནན་བཤད་གནང་ཡོད།

    མཐའ་མཚམས་ཀྱི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་ཡོད། གནའ་སྔ་མོ་ནས་བཟུང་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་གིས་ཐུན་མོང་ཐོག་མེས་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་གསར་འབྱེད་བྱས་ཏེ། ཐུན་མོང་ཐོག་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་བསྲུངས་ནས་མཐའ་སྟོབས་མཐའ་བརྟན་དང་རྒྱལ་ཁབ་བདེ་འཇགས་ཡོང་བར་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་ཡོད། རྒྱལ་རྩེའི་འགོག་སྲུང་དམག་འཁྲུག་སོགས་ཀྱི་དཔའ་བོའི་བྱས་རྗེས་ལས་དཔའ་ངར་ཆེ་ཞིང་བརྗིད་ཉམས་ལྡན་ལ་དགའ་སྐྱོ་གཉིས་ལྡན་གྱི་རྣམ་པ་ཞིག་མངོན་ཡོད། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་བསྟན་ཆོས་བཟང་པོ་སོགས་ཀྱིས་གཙོས་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐའ་མཚམས་སྲུང་སྐྱོང་བྱས་པའི་ལོ་རྒྱུས་ཀྱི་མཛེས་རིས་ཤིག་བརྩམས་ཡོད།

    རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པ་དེས་ང་ཚོར་ངེས་པར་དུ“མཐའ་སྟོབས”ཀྱི་དོན་ཆེན་ལ་དམིགས་ནས་མཐའ་མཚམས་སུ་གཞི་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་། ཕ་ཡུལ་འཛུགས་སྐྲུན་བཅས་གཟི་བརྗིད་དུ་བརྩི་བ་དང་། མཐའ་མཚམས་བཅོས་སྐྱོང་དང་། མཐའ་མཚམས་བདེ་འཇགས། མཐའ་མཚམས་བརྟན་ལྷིང་། མཐའ་མཚམས་འཕེལ་རྒྱས་བཅས་མཉམ་འདྲེས་གཅིག་གྱུར་ཡོང་བ། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་བ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་གང་མགྱོགས་བཅས་བྱས་ནས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱས་ཏེ་མཐའ་མཚམས་སྲ་བརྟན་དང་། རྒྱལ་ཁབ་བདེ་འཇགས། མི་དམངས་བདེ་སྐྱིད་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་འཚོ་བའི་སྤུས་ཀ་ལེགས་སུ་གཏོང་བར་བསྒྱུར་ནས་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་། འཚོ་བ་ཕྱུག་པོ་ཆགས་པ། རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    མཐའ་མཚམས་ཡག་པོ་སྲུང་བ་ནི་ང་ཚོའི་བདེ་སྐྱིད་སྲུང་བ་ཞིག་ཡིན་པས། མཐའ་མཚམས་སུ་གནད་དོན་བྱུང་ཚེ་ཁ་ནང་གི་སོ་སྐྱོན་ཆག་བྱུང་ནས་གང་སར་རླུང་བུ་འཚང་འོང་བ་ལྟ་བུ་རེད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ནས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས“མཐའ་སྟོབས”དུས་དང་རྣམ་པ་ཀུན་ཏུ་སེམས་སུ་བཞག་སྟེ་མཐའ་མཚམས་བཅོས་སྐྱོང་ལ་ཤུགས་རྒྱག་པ་དང་། བོད་བརྟན་ལྷིང་གི་ལས་དོན་ཡག་པོ་སྒྲུབ་པ། མཐའ་དར་དམངས་ཕྱུག་ལ་དངོས་སྒྲུབ་དོན་གཉེར་བྱས་ཏེ་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞི་ཚུགས་ནས་མེས་རྒྱལ་མངའ་ཁོངས་ཀྱི་རྩྭ་རྩི་ཤིང་ཚུན་ཆད་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།