དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གསེར་དངུལ་ཐང་རྩྭ་ཐང་ནས་རྡུལ་ཕྲན་གྲོང་གི་གསར་བརྗེའི་རིག་དངོས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པ།

    “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལས་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཅ་ཧྥུང་ཧྥུང་།   |     སྤེལ་དུས།  2024-03-13

    ཟི་ལིང་གྲོང་ཁྱེར་ནས་ཐོན་ཏེ་ཅིང་བོད་མྱུར་བགྲོད་གཞུང་ལམ་བརྒྱུད་ནུབ་ཕྱོགས་སུ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་བསྐྱོད་ན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་གསེར་དངུལ་ཐང་རྩྭ་ཐང་དུ་སླེབས་པ་དང་། དེ་གར་རྒྱ་ཆེ་ཞིང་ལྷིང་འཇགས་དང་ལྡན་པ་ཞིག་ཡོད།

    “དེ་སྔོན་འདི་ནི་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་བྱེད་སའི་རྟེན་གཞི་དང་པོ་དེ་ཡིན་པ་དང་རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་པོ་དང་མདེའུ་ཆིང་ཏན་ཐོག་མ་དེ་ནས་ཐོན་ཡོད། ཀྲུང་གོ་གསར་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་དུས་རབས་འབྱེད་པའི་འཐབ་ཇུས་ཀྱི་གནས་བབ་དང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད”རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་གི་འགྲེལ་བཤད་པ་ཝང་ཀྲི་ལིང་གིས་འཆད་འགྲེལ་བྱས་པ་དང་བསྟུན་ནས་ཚང་མའི་མིག་ལམ་དུ་སྐབས་དེའི་ལོ་རྒྱུས་རིམ་གྱིས་འཆར་བ་དང་མི་རྣམས་ཀྱིས་ས་ཆ་དེའི་རིན་ཐང་ཡང་ཤེས་རྟོགས་ཐུབ་པ་རེད། “ལོ་ངོ་60ལྷག་གི་སྔོན་ལ་བྱ་གཞག་གཏོད་མཁན་ཁྲི་ཕྲག་མང་པོས་ཏང་གི་འབོད་སྐུལ་ལ་དང་ལེན་ཧུར་ཐག་ཞུས་ཏེ། ལྷག་བསམ་ཟོལ་མེད་དང་བདེན་དོན་ཆེད་ཕྱིར་བཤོལ་གཏན་ནས་མི་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་གསེར་དངུལ་ཐང་རྩྭ་ཐང་དུ་རྟེན་གཞི་འཛུགས་པ་དང་། ཚན་རིག་ཞིབ་འཇུག དཀའ་སྤྱད་འབད་བརྩོན། དཀའ་ངལ་ཁྱད་བསད་བཅས་བྱེད་པར་ཡོང་སྟེ། མི་རྣམས་ཧང་སངས་དགོས་པའི་སྙིང་རུས་དང་མྱུར་ཚད་ལས་གནས་དེར་མཛེས་ཉམས་ཡུན་གནས་ཀྱི‘མདེལ་གཉིས’ཞིབ་བཟོའི་བྱས་རྗེས་བཞག་པ་དང་། རླབས་ཆེན་གྱི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་བརྟེན་ནས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་བཞེངས་ཡོད།

    སྨི་ངོས་གྲུ་6015ཡོད་པའི་རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་ནི་གསེར་དངུལ་ཐང་རྩྭ་ཐང་གི་སྒོ་འབྱེད་ལྡེ་མིག་ལྟ་བུ་རེད། “འགྲེམས་ཁང་དེ་2009ལོའི་ཟླ་5པར་བསྐྲུན་ནས་སྒོ་ཕྱེ་བ་དང་། 2021ལོའི་ཟླ་6པར་སྒྱུར་བཀོད་རིམ་སྤོར་བྱས་རྗེས་བསྐྱར་དུ་སྒོ་ཕྱེ་ཡོད། དེའི་ནང་པར་600ལྷག་ཙམ་དང་གསར་བརྗེའི་རིག་དངོས་900ལྷག་ཙམ་ཡོད་པ་དང་འོད་བརྙན་ལག་རྩལ་གསར་ཤོས་ཀྱི་རམ་འདེགས་འོག་འདུ་འགོད་221ཀྱི་འཐབ་ཇུས་དང་། འཛུགས་སྐྲུན། ཐོན་སྐྱེད། ཞིབ་བཟོ་སོགས་ཀྱི་ལག་ལེན་གྱི་བརྒྱུད་རིམ་གྱི་ཡུལ་ལྗོངས་ཧྲིལ་པོ་བསྟན་གྱི་ཡོད། ལོ་ལྟར་ཡུལ་སྐོར་བ་ཁྲི་30ལྷག་ཙམ་ལ་སྣེ་ལེན་ཞུ་ཡི་ཡོད། ང་ཚོས་ད་དུང་གསར་བརྗེའི་ཡུལ་སྐོར་དེ་ཞིབ་འཇུག་སློབ་སྦྱོང་དང་སྒྲོག་འགྲེལ་སོགས་དང་ཟུང་འབྲེལ་བྱས་ནས་གནས་ཚུལ་དངོས་མཚོན་གྱི་ཏང་གི་སློབ་ཚན་རྩོམ་སྒྲིག་བྱས་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་22ལ་ཁྱབ་པ་བྱས་ཡོད”ཅེས་ཝང་ཀྲེ་ལིང་གིས་ངོ་སྤྲོད་བྱས།

    གསར་བརྗེའི་ཡུལ་སྐོར་རྣམ་གྲངས་ལག་བསྟར་དང་། གསར་བརྗེའི་སྤུས་རྟགས་ཀྱི་ལམ་ཐིག་འདོན་པ། གསར་བརྗེའི་སྤུས་རྟགས་ཀྱི་འཁྲབ་ཚན་གཏོད་པ། གསར་བརྗེའི་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་གསར་སྤེལ་བྱེད་པ། གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་འཛུགས་སྐྲུན་བྱེད་པ་སོགས་ད་ཆ་སློབ་གསོ་དང་། སྤྲོ་གསེང་། ལུས་རྩལ། རོལ་རྩེད། མྱོང་རོལ་སོགས་ཀྱི་ལས་རྣམ་གཅིག་ཏུ་འདུས་པའི་གསར་བརྗེའི་རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་པ་དེ་གསེར་དངུལ་ཐང་རྩྭ་ཐང་དུ་སྤྱིར་ན་གྲུབ་ཡོད། “གསར་བརྗེའི་རྩྭ་ཐང་གཏོད་པའི་དམིགས་ཚད་ལ་དམིགས་ནས། ང་ཚོས་སྔ་རྗེས་སུ་རྟེན་གཞི་རྙིང་པར་སྲུང་སྐྱོང་དང་། གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཉམས་འགྱུར་བཅོས་སྒྲིག རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་སྒྱུར་བཀོད་རིམ་སྤོར། ནུབ་མཚོའི་འགྲིམ་འགྲུལ་མཉམ་འདྲེས་ཕྱོགས་བསྡུས་ཞབས་ཞུའི་གཞི་གཅིག་ཅན་སོགས་ཀྱི་ལེ་ལག་ཚང་བའི་རྣམ་གྲངས་ཁག་25བསྡུ་སྒྲིལ་བྱས་ནས། རྟེན་མཛོད་ཁང་དང་དྲན་གསོ་ཁང་སོགས་རིག་གནས་འགྲེམས་ཁང་སྣ་ཚོགས་ཀྱི་སྒྲིག་བཀོད་ཡུལ་སྐོར་ཐོན་རྫས་དང་ལམ་ཐིག་ནང་མཉམ་འདྲེས་ཐུབ་པ་བྱེད་ཀྱི་ཡིན”ཞེས་མཚོ་བྱང་ཀྲོའུ་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སུན་ཤིའུ་ཙུང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས“ང་ཚོས་ད་དུང་མཚོ་སྔོན་གྱི་མདེལ་གཉིས་སྐར་གཅིག་གི་ལས་བྱེད་པའི་སློབ་གླིང་དང་ཀྲོའུ་ཨུད་ཀྱི་ཏང་གི་སློབ་གྲྭར་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་དང་། གྲོང་གསེབ་དར་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་ནང་དོན་མཉམ་འདྲེས་བྱས་ཏེ‘གསར་བརྗེ+N’ཡི་ཞིབ་སློབ་སློབ་ཚན་གསར་སྤེལ་དང་། གསར་བརྗེའི་ཞིབ་སློབ་བྱ་ཡུལ་གྱི་སློབ་ཁྲིད་ས་ཚིགས་31བཏོད་པ། རྒྱལ་ཡོངས་ལ་ཕྱོགས་ནས་གསར་བརྗེའི་ཞིབ་སློབ་སློབ་གསོ་སྤེལ་བ། མདེལ་གཉིས་སྐར་གཅིག་གི་གསར་བརྗེའི་ཐོན་ཁུངས་ཀྱི་སློབ་གསོའི་རིན་ཐང་དང་། ཡུལ་སྐོར་གྱི་རིན་ཐང་། སྤུས་རྟགས་ཀྱི་རིན་ཐང་བཅས་སྔོག་འདོན་དང་གཞན་སྒྱུར་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད། 2023ལོ་ཚུན་དུ་གསར་བརྗེའི་ཞིབ་སློབ་ཀྱི་བརྗོད་དོན་གཙོ་བོའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་90ལྷག་ཙམ་དང་མི་ཐེངས་ཁྲི་1.8ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།