དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གོ་ལ་ཧྲིལ་པོར་གྲོས་བསྡུར་འཁྲུག་པོ་བྱེད་པའི་ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་འགག་རྩའི་ཐ་སྙད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།   |     སྤེལ་དུས།  2024-03-13

    རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་126ལས་བརྒལ་ནས་5.2%འཕར་ཏེ་འཕར་ཚད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོའི་མདུན་གྲལ་དུ་སླེབས་ཡོད། ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་སྲིད་གཞུང་ལས་དོན་སྙན་སྒྲོན་ནང་2023ལོའི་ཀྲུང་གོའི་དཔལ་འབྱོར་གྱི་གྲུབ་འབྲས་གསལ་ཐོ་མངོན་ཡོད།

    འགག་རྩའི་ཐ་སྙད། ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བ།

    “ཀྲུང་གོའི་དཔལ་འབྱོར་འཕར་ཚད་5%ཡས་མས་རྒྱུན་འཁྱོངས་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་ལ། མི་རྣམས་ཡིད་སྨོན་སྐྱེ་འོས་པ་ཞིག་རེད”པེར་ཀྲེམ་ཀྲུང་གོའི་དཔལ་འབྱོར་ཚོང་དོན་ཨུ་ལྷན་གྱི་ཀྲུའུ་ཞི་པེར་ནཱ·ཏེ་ཝུའེ་ཐེ་ཡིས་ཀྲུང་གོའི་ཁེ་ལས་དང་དཔལ་འབྱོར་ལ་གསོན་ཤུགས་ཆེན་པོ་ལྡན་པ་མ་ཟད། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས།

    འདས་ཟིན་པའི་ལོ་གཅིག་ནང་སྤུས་ཚད་མཐོ་བའི་ཕྱི་རྒྱལ་གྱི་མ་དངུལ་དེ་བས་མང་བ་ཀྲུང་གོར་བཞག་པ་དང་། རྒྱལ་སྒྲོལ་ཁེ་ལས་མང་པོ་ཞིག་ཀྲུང་གོར་གཞིས་ཆགས་པ་དེ་ལས། ཕྱི་ཕྱོགས་ཀྱིས་ཀྲུང་གོའི་ཁྲོམ་རའི་གསོན་ཤུགས་དང་དཔལ་འབྱོར་རྒྱུན་མཐུད་ངང་ལེགས་སུ་འགྲོ་བར་ཡིད་ཆེས་བྱེད་པ་མཚོན་ཡོད།

    འགག་རྩའི་ཐ་སྙད། སྔོན་དཔག་དམིགས་ཚད།

    “རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་5%ཡས་མས་འཕར་བ་བྱ་རྒྱུ”དེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་པའི་ལོ་གསར་པའི་སྔོན་དཔག་དམིགས་ཚད་ཅིག་རེད། སིང་ཀ་ཕོར་ནན་དབྱང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ནན་དབྱང་ཚོང་ལས་སློབ་གླིང་གི་མཐོ་རིམ་འཆད་ཁྲིད་དགེ་རྒན་ཡན་ལི་ཡིས་དམིགས་ཚད་དེ་མངོན་འགྱུར་ཐུབ་ངེས་ཡིན་པའི་ངོས་འཛིན་གནང་ཡོད། “མིག་སྔར་གོ་ལ་ཧྲིལ་པོའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་སྐབས་སུ་ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ལ་མཐོང་ཆེན་བྱེད་པ་དང་ཆབས་ཅིག་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཁུར་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད”

    འགག་རྩའི་ཐ་སྙད། སྤུས་ཚད་མཐོ་བའི་འཕེལ་རྒྱས།

    “ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བདེན་དཔང་བ་ཞིག་ཡིན་པའི་ངས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད”ཐུར་ཁེའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་སར་ཆིའུ་ཁེ·ཆའོ་ལཱ་ཁེ་ཨའོ་ལུའུ་ཡིས་ལོ་ལྟར་ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་གྲོས་གཞི་དང་གྲུབ་འབྲས་ལ་དོ་སྣང་ཆེན་པོ་གནང་གི་ཡོད། ཁོང་གིས་ཀྲུང་གོས་ཤེས་བྱ་དང་ལག་རྩལ་མང་འདུས་ཅན་གྱི་ཟུར་སྣོན་རིན་ཐང་མཐོ་བའི་དཔལ་འབྱོར་ཕྱོགས་སུ་ཕྱོགས་སྒྱུར་བྱེད་བཞིན་ཡོད་ལ། གཙོ་གནད་གསར་དར་ཐོན་ལས་ཀྱི་ལག་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་བཞིན་ཡོད་པའི་ངོས་འཛིན་གནང་བ་རེད།

    “‘ཀྲུང་གོས་བཟོ་བ’ནས‘ཀྲུང་གོས་གསར་གཏོད’བྱེད་པའི་བར་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ནས་དེ་བས་དྲང་གཞག་དང་། རྒྱུན་མཐུད་ཆོག་པ། དར་རྒྱས་བཅས་ཀྱི་སྤྱི་ཚོགས་སྐྲུན་ཆེད་གོམ་སྟབས་གལ་ཆེན་སྤོས་ཡོད”ཅེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་ཚོགས་འཕེལ་རྒྱས་མཐུན་ཚོགས་ཀྱི་ལཱ་ཏིང་མེ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་བློ་འདྲི་བ་ཏའེ་ཝེ·ལུའོ་ཕེ་སི་ཡིས་གསུངས།

    འགག་རྩའི་ཐ་སྙད། སྒྱུར་བཅོས་ཟབ་ཏུ་གཏོང་བ།

    ཀྲུང་གོའི་རང་མོས་ཚོང་དོན་ཁུལ་འཕེལ་རྒྱས་ཀྱིས་མ་དངུལ་འཕོན་ཆེན་བཀུག་ཡོད་ལ། ཐོན་རྫས་རིན་ཐང་ཆེན་པོ་རག་པར་བྱས་པས་ཕ་ཁི་སི་ཐན་གྱི་ཕ་ཀྲུང་སློབ་ཚོགས་ཀྱི་ལག་བསྟར་ཀྲུའུ་རེན་མུའུ་སི་ཐཱ་ཧྥ·སའེ་དབྱི་ཏེར་བག་ཆགས་ཟབ་མོ་བཞག་ཡོད། སའེ་དབྱི་ཏེ་ཡིས“ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་སྒྱུར་བཅོས་ཟབ་གཏོང་གི་ཉམས་མྱོང་དཔྱད་གཞིར་འཛིན་ནས་ཕ་ཁི་སི་ཐན་གྱི་ཆུ་ཚད་མཐོ་བའི་རང་མོས་ཚོང་དོན་ཁུལ་བསྐྲུན་ཏེ་ཕ་ཁི་སི་ཐན་གྱི་ཕྱིར་གཏོང་ཆུ་ཚད་མཐོ་རུ་གཏོང་གི་ཡིན”ཞེས་གསུངས།

    དབྱིན་ཇིའི་རྒྱལ་སྤྱིའི་འབྲེལ་བའི་རིགས་གཅིག་མཁས་ཅན་པེ་ནེ་ཐེ་ཡིས་མ་འཇོག་ལ་སྐུལ་མ་གཏོང་བ་དང་སྒོ་དབྱེར་སྐུལ་འདེད་གཏོང་བའི་སྲིད་ཇུས་གསར་པ་མང་པོ་འདོན་རྒྱུ་ཡིན་པའི་ངོས་འཛིན་གནང་ཡོད། “ཀྲུང་གོས་ཕྱི་རྒྱལ་གྱི་མ་དངུལ་ཆོག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་མུ་མཐུད་ཉུང་དུ་བཏང་སྟེ་ཀྲུང་གོས་ཕྱི་ཕྱོགས་ཀྱི་མ་འཇོག་ལ་དགའ་བསུ་ཞུས་ཡོད་ལ། ཕྱི་རྒྱལ་བ་ཀྲུང་གོར་ལས་ཀ་དང་། སློབ་སྦྱོང་། ཡུལ་སྐོར་བཅས་བྱེད་པར་དེ་བས་སྟབས་བདེ་རུ་ཕྱིན་ནས་ཀྲུང་གོའི་ཁྲོམ་རར་དེ་བས་གསོན་ཤུགས་ལྡན་རྒྱུ་རེད”ཅེས་གསུངས།

    འགག་རྩའི་ཐ་སྙད། ཐོན་སྐྱེད་ནུས་ཤུགས་གསར་མ།

    འཇར་མན་རྒྱལ་ཕྲན་མཉམ་འབྲེལ་དཔལ་འབྱོར་འཕེལ་རྒྱས་དང་ཕྱི་ཕྱོགས་ཚོང་དོན་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞ་ཨེར·ཧྲུའུ་མན་གྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་བ་དེས་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་འགྲོ་རྒྱུ་མ་ཟད། འཕེལ་རྒྱས་དེ་བས་རྒྱུན་མཐུད་དང་ཁོར་ཡུག་དེ་བས་ལེགས་སུ་འགྲོ་ངེས་རེད་ཅེས་གསུངས། “ངས་ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ལ། ཀྲུང་གོས་གསར་གཏོད་དང་ཐག་གཅོད་ཇུས་གཞི་དེ་བས་མང་བ་བཏོན་ནས་མིའི་རིགས་ལ་འཕྲད་པའི་ཐུན་མོང་འགྲན་སློང་ལ་ཁ་གཏད་གཅོག་རྒྱུའི་རེ་སྒུག་བྱེད་བཞིན་ཡོད”

    ཨ་རིའི་དཔལ་འབྱོར་རིག་པ་མཁས་ཅན་སཱ་ཁེ་སི་ཡིས། ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དེ“གོ་ལ་ཧྲིལ་པོའི་ལྗང་མདོག་དང་གྲངས་འཛིན་མ་འཇོག་གི་མ་དངུལ་བསྡུ་སྒྲིལ་ལྟེ་གནས”སུ་འགྱུར་རྒྱུའི་རེ་བ་ཡོད། ཀྲུང་གོར་གྲངས་འཛིན་ལག་རྩལ་དང་ལྗང་མདོག་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་ཐད་སྟོབས་ཤུགས་ཆེན་པོ་ལྡན་ཡོད། “མི་ཐབས་རིག་ནུས་ཁྱབ་ཁོངས་ནང་ཀྲུང་གོར་གྲུབ་འབྲས་ཡག་པོ་ཐོབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཆེན་པོ་ཡོད”

    འགག་རྩའི་ཐ་སྙད། གདེང་ཚོད་ཀྱིས་ཁེངས་པ།

    “ཀྲུང་གོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ང་ལ་གདེང་ཚོད་ཆེན་པོ་ཡོད”ཧིན་རྡུ་ཉི་ཞི་ཡའི་ཀེན་ཐ་ལ་ཞིབ་འཇུག་ཁང་འཐབ་ཇུས་བརྒྱུད་བསྒྲགས་དང་ཞིབ་འཇུག་སྤྱི་ཁྱབ་ལྟ་ཞིབ་པ་ཁྲེན་ཧྲུའུ་ལིང་གིས་ཀྲུང་གོའི་ཀུའེ་ཀྲོའུ་རུ་འཚམས་འདྲི་ཐེངས་གསུམ་གནང་མྱོང་ལ། ཀྲུང་གོ་སྒུལ་བདེའི་གྲངས་གཞི་ཆེ་མོའི(ཀུའེ་དབྱང)གསར་གཏོད་ཞིབ་འཇུག་ཁང་ལ་ལྟ་སྐོར་གནང་མྱོང་བ་དང་། ཀུའེ་དབྱང་དུ་འཚོགས་པའི་2023ལོའི་ཀྲུང་གོ་རྒྱལ་སྤྱིའི་གྲངས་གཞི་ཆེ་མོའི་ཐོན་ལས་དངོས་མང་སྟོན་ཚོགས་ལ་ཞུགས་མྱོང་བ་མ་ཟད། ཀུའེ་ཀྲོའུ་ཀྲུང་གོའི་གྲངས་གཞི་ཆེ་མོའི་ལྟེ་གནས་ཀྱི་གྲས་ཤིག་ཏུ་གྱུར་པར་དཔང་པོ་གནང་ཡོད། ཁོང་གིས། “གནམ་ས་བླ་འོག་ཏུ་འགྱུར་བ་རང་རེད”ཅེས་རང་ཉིད་ཀྱི་མྱོང་ཚོར་གླེང་བ་དང་སྦྲགས“ཆུང་ངུ་ལས་ཆེན་པོ་མཐོང་ཐུབ། ཀུའེ་ཀྲོའུ་ཡི་འགྱུར་ལྡོག་ནི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ལ་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་བྱུང་བའི་བསྡུས་རིས་ཤིག་རེད། ཀྲུང་གོའི་དཔལ་འབྱོར་ཐད་མུ་མཐུད་དགེ་མཚན་ལྡན་པའི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་མ་ཟད། མདུན་ལམ་ཆེན་པོ་ལྡན་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་གསུངས།

    འགག་རྩའི་ཐ་སྙད། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ།

    ཟོག་འགྲེམས་དང་། དངུལ་རྩ། བཟོ་སྐྲུན་ལས་རིགས། སྨན་བཅོས། ཡུལ་སྐོར་སོགས་སོ་ཏི་ཨ་རབ་ཀྱི་ཨ་ཅི་ལན་གཅེན་གཅུང་མ་རྐང་ཚོད་འཛིན་ཚོགས་པ་ཀྲུང་གོའི་ཁྲོམ་རར་ཞུགས་ནས་ལོ་20སོང་རིང་ལས་རིགས་མི་འདྲ་བའི་མ་འཇོག་མཉམ་ལས་ཀུང་སི་11བཙུགས་ཡོད། ཚོགས་པའི་ཏུང་ཧྲི་ཀྲང་གཞོན་པ་སོ་ཏི་ཨ་རབ་དང་ཀྲུང་གོའི་ཚོང་དོན་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མོ་ཧན་མོ་ཏེ·ཨེར·ཨ་ཅི་ལན་གྱིས་ཀྲུང་གོར་འཕེལ་རྒྱས་གཏོང་བའི་འཆར་གཞིའི་སྐོར་གླེང་སྐབས་ཡིད་ཆེས་ཀྱིས་ཁེངས་བཞིན“ཀྲུང་གོའི་ཁྲོམ་རར་གོ་སྐབས་ཀྱིས་ཁེངས་པ་དང་འབྲེལ་འཕར་བའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་བཏོན་པའི་དངོས་སྒྲུབ་བྱེད་ཐབས་ཀྱིས་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་དང་ཀྲུང་གོ་ཕྱོགས་ཀྱི་སྤེལ་རེས་མཉམ་ལས་ཀྱི་རྨང་གཞི་བརྟན་དུ་ཕྱིན་པ་མ་ཟད། འཛམ་གླིང་གིས་ཀྲུང་གོས་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཟམ་མི་ཆད་པར་ཆེ་རུ་གཏོང་བའི་ཆོད་སེམས་གང་ལེགས་ཚོར་ཡོད”ཅེས་གསུངས།

    འགག་རྩའི་ཐ་སྙད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན།

    “གོ་ལ་ཅན་ལས་ལྡོག་པའི་བསམ་པའི་རླབས་རྒྱུན་དྲག་ཏུ་སོང་བའི་རྒྱབ་ལྗོངས་འོག་ཀྲུང་གོས་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཡོད། ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ནི་དཔེ་ཡག་ཤོས་ཤིག་རེད” ལོ་སིའི་ལོ་ཀྲུང་མཉམ་ལས་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སའེ་ས་ནཱ·ཤིས་ཐི་ཕུང་གིས་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དཔེར་བཞག་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྣམ་གྲངས་ཀྱིས་ལོ་སིའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་དང་ས་གནས་དེ་གའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས།

    འགག་རྩའི་ཐ་སྙད། རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ།

    “ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱིས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱ་རྒྱུར་གཞོལ་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་ཆེན་པོ་བཏོན་ཡོད”ཀྲུང་གོའི་ཚོགས་འདུ་གཉིས་རིང་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་གྲོས་གཞིའི་སྐོར་གླེང་སྐབས། ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མཱ(གྲོས་ཁང་འོག་མ)རྒྱལ་སྤྱིའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་དང་པོ་ཏེ་སྨི་ཐེ་ལི·ནུའོ་ཝུའེ་ཁོའོ་ཧྥུའུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་པ་མ་ཟད། དགའ་བསུ་ཡང་ཐོབ་ཡོད་ཅེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།