བསམ་གྲུབ་རྩེ་ཆུས་ཀྱིས་ཡོང་འབབ་དམའ་བའི་མང་ཚོགས་དུད་ཚང་100ལ་སྡོད་ཁང་བགོ་བཤའ་བརྒྱབ་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་འགན་ལེན་རང་བཞིན་གྱི་སྡོད་ཁང་གཅིག་སྡུད་བགོ་བཤའ་རྒྱག་པའི་མཛད་སྒོ་འཚོགས་ནས་ཡོང་འབབ་དམའ་བའི་མང་ཚོགས་དུད་ཚང་100ལ་སྡོད་ཁང་བགོ་བཤའ་བརྒྱབ་སྟེ་མང་ཚོགས་ཀྱི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་དང་འཚོ་བའི་སྤུས་ཚད་མཐོ་རུ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བསམ་གྲུབ་རྩེ་ཆུས་ཀྱིས་སྡོད་ཁང་འགན་ལེན་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་ཡོང་འབབ་དམའ་བའི་ཚོགས་སྤྱིའི་སྡོད་ཁང་འགན་ལེན་གྱི་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་ནས་བསམ་གྲུབ་རྩེ་ཆུས་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱིའི་སྡོད་ཁང་གི་དཀའ་ངལ་ནུས་ཤུགས་ཡོད་རྒུས་བསལ་ཡོད། 2019ལོ་ཚུན་དུ། བསམ་གྲུབ་རྩེ་ཆུས་ཀྱིས་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་དམིགས་ཚད་དང་ཁ་གསབ་མ་དངུལ་སྒོར་ཁྲི་1939.71དང་རིམ་པ་དེ་གའི་ལེ་ལག་ཚང་བའི་མ་དངུལ་སྒོར་ཁྲི་3480.06བརྩོན་ལེན་ཧུར་ཐག་བྱས་ཤིང་། མ་དངུལ་བསྡོམས་སྒོར་ཁྲི་5419.77བཏང་ནས་སྔ་རྗེས་སུ་སྤྱི་པའི་བོགས་གཏོང་ཁང་པ་170བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། སྤྱི་པའི་བོགས་གཏོང་ཁང་པ་120དུས་ཚོད་དམ་འཛིན་དང་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་ཡོད་པ་རེད།