རྫ་ཡུལ་རྫོང་གིས་ཉ་རིགས་གསོ་ཚགས་བྱས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ།
2023ལོ་ཚུན་དུ། རྫ་ཡུལ་རྫོང་གིས་ཡུལ་བབ་དང་བསྟུན་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད། སྐྱེ་ཁམས་ལྗང་མདོག རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་གཞི་རྩའི་རྩ་དོན་མཐའ་འཁྱོངས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་སྤྱིའི་དམིགས་ཚད་ལ་སྟངས་འཛིན་ནན་པོ་བྱས་ནས། ས་གནས་དེ་གའི་ཕུན་སུམ་ཚོགས་པའི་ཆུའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གྱིས་སྔོན་ལ་རྫ་ཡུལ་རོང་སྨད་གྲོང་རྡལ་སྦུག་པ་གྲོང་ཚོ་ཚོད་ལྟའི་ཁུལ་དུ་བྱས་ཏེ་ཚྭ་མེད་ཆུར་ཉ་རིགས་གསོ་ཚགས་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་སྐྱེ་ཁམས་ཀྱི་ལེགས་ཆ་དཔལ་འབྱོར་ལེགས་ཆར་འགྱུར་བ་བྱས་ཏེ་ཉ་རིགས་གསོ་ཚགས་ལ་བརྟེན་ནས་ཞིང་འབྲོག་དམངས་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།
ན་ནིང་ཟླ་6པར་རྫ་ཡུལ་རྫོང་གི་ཉ་རིགས་གསོ་ཚགས་ཐོན་ལས་གསར་པ་གཉེར་འགོ་ཚུགས་ནས་ཉ་རིགས་གསོ་ཚགས་ཚོད་ལྟའི་རྣམ་གྲངས་དང་པོར་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་བྱས་པས་ཆ་ཚང་བའི་རིག་ནུས་གསོ་ཚགས་རྟེན་གཞི་དངོས་སུ་བསྐྲུན་ཐུབ་སྟེ། ཉ་རིགས་གསོ་ཚགས་ལས་རིགས“མེད་པ་ནས་ཡོད་པའི”བར་མངོན་འགྱུར་དང་། སྲོལ་རྒྱུན་དང་ཕན་འབྲས་ཆུང་བ་ནས་དེང་རབས་དང་ཕན་འབྲས་ཆེ་བའི་མཆོང་སྐྱོད་བྱུང་བ། སྔོན་ཐོན་གྱི་གསོ་ཚགས་ལག་རྩལ་ནང་འདྲེན་བྱས་པ། “ཕྱིར་བསྐྱོད་པ”དང“ནང་དུ་གདན་འདྲེན་པ”ཟུང་འབྲེལ་མཐའ་འཁྱོངས་བྱས་པ། སྦུག་པ་གྲོང་ཚོའི་ཕྱུག་འགྱུར་འཇོན་ཐང་ཅན་ལྗོངས་ཕྱིར་སྔོན་ཐོན་གསོ་ཚགས་ལག་རྩལ་དང་གསོ་ཚགས་ལེགས་གྲུབ་བྱུང་ཁུལ་ལ་སློབ་སྦྱོང་བྱེད་པར་འདེམས་མངགས་བཅས་བྱས་ཏེ། ཉ་ལི་ཡུས་དང་། ཉ་ཅི་ཡུས། ཉ་ཅང་ཧྥུང་སོགས་སྤུས་ལེགས་ཀྱི་ཉ་ཕྲུག་ནང་འདྲེན་བྱས་ནས་རིགས་ནུས་ཅན་དང་ཚན་རིག་ཅན་གྱི་གསོ་ཚགས་བྱེད་ཐབས་སྤྱད་ཡོད།
དེ་དང་ཆབས་ཅིག རྫ་ཡུལ་རྫོང་གིས་གྲོང་ཚོའི་མཉམ་སྡེབ་ཀྱི་བེད་མེད་ས་ཆ་སྤྱད་དེ་མཉམ་ལས་ཁང་དང་ས་གནས་འདི་གའི་མང་ཚོགས་དབར་ས་ཆ་བརྒྱུད་བཤུག་གི་གན་རྒྱ་བཞག་པས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་25.2བྱུང་བ་དང་། “མཉམ་ལས་ཁང་དང་། གྲོང་ཚོ་མཉམ་སྡེབ། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ལག་བསྟར་བྱས་པས་ཉ་རིགས་གསོ་ཚགས་བྱེད་རིང་མང་ཚོགས་དང་གྲོང་ཚོ་མཉམ་སྡེབ་ལ་ཡོང་འབབ་ཡག་པོ་རག་སྟེ་སྒོ་རྩར་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད།