དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ནུས་སེམས་གཅིག་སྒྲིལ་གྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་དགོས།

    —— རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |     སྤེལ་དུས།  2024-03-12

    མཐུན་སྒྲིལ་རྡོག་རྩ་བསྒྲིལ་ནས་འཕེལ་རྒྱས་དོན་གཉེར་བྱེད། འབད་འབུངས་ཡར་བརྩོན་བྱས་ཏེ་འབྱུང་འགྱུར་ཕྱོགས་སུ་བསྐྱོད། ཟླ་3ཚེས་11ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་ནས་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད། ཚོགས་ཞུགས་འཐུས་མི་ཚོས་འགན་འཁྲི་དང་ལས་འགན་ཕྲག་ཏུ་ཁུར་ནས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འབུལ་ཧུར་ཐག་གནང་ནས་དར་ཆ་མཐོན་པོར་སྒྲེང་བ་དང་། དངོས་འཛིན་དངོས་སྒྲུབ། མཐུན་སྒྲིལ་འབད་འབུངས་བཅས་ཀྱི་ལེའུ་གསར་པ་བརྩམས་ཡོད། ང་ཚོས་ཚོགས་ཞུགས་འཐུས་མི་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་མ་ཟད། ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།

    ད་ཐེངས་ཀྱི་ཚོགས་ཆེན་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོར་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་ཆེན་ཐོག་འདས་ཟིན་པའི་ལོ་གཅིག་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་གསར་པར་གདེང་འཇོག་ཆེན་པོ་གནང་ཡོད། འཐུས་མི་ཚོས་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གྱི་འབྲས་བུ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་བཅས་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་ཡོད། ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་གལ་ཆེའི་སྙན་སྒྲོན་གཞན་དག་ཁག་ལ་གྲོས་ཞིབ་གནང་བ་དང་འབྲེལ་ཆོག་མཆན་གནང་ཡོད། འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད་ལ། གྲུབ་འབྲས་ཕྱོགས་སྡོམ་དངོས་ཐོག་བདེན་འཚོལ་དང་། གཏན་འཁེལ་དམིགས་ཚད་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པ། བཏོན་པའི་བྱེད་ཐབས་ལག་ལེན་བསྟར་ཆོག་པའི་དམ་པ་དོན་གཉེར་དང་། གསར་འབྱེད་ཡར་བརྩོན། མཐུན་སྒྲིལ་ངར་ཤུགས་འཕེལ་བ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་ཡོད། ཚོགས་ཆེན་ཐོག་གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་ལམ་ལུགས་དང་ལས་ཀའི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན། སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། མི་དམངས་བློ་ཡིད་ཚིམ་པའི་ཁྲིམས་སྐྱོང་གི་སྲིད་གཞུང་དང་། གསར་གཏོད་ཀྱི་སྲིད་གཞུང་། སྤྱོད་གཙང་གི་སྲིད་གཞུང་། ཞབས་ཞུ་རྣམ་པའི་སྲིད་གཞུང་བཅས་སྐྲུན་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་ཞིབ་གནང་སྟེ་ལོ་གཅིག་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཕྱོགས་ཁག་གི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གསར་པ་དང་ཕན་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ཡོད། ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བ་ལས་མི་དམངས་དུང་ཕྱུར་མང་པོས་གདེང་ཚོད་བརྟན་གཏོང་དང་། བློ་གཅིག་སེམས་གཅིག དཀའ་སྤྱད་ལས་སྒྲུབ། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་ལྕག་བྱས་ཡོད།

    འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཡིན། ལོ་75ཡི་རིང་རང་རྒྱལ་འདི་ཉིད་དབུལ་ཞིང་སྟོང་པ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་བསྐྱོད་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པར། ཀྲུང་ཧྭ་མི་རིགས་ཀྱི་འདུན་པ་དང་རེ་སྒུག་དང་ཀྲུང་གོ་མི་དམངས་ཀྱི་འབད་འཐབ་དང་རྔུལ་ཆུ་འདུས་ཡོད་པས། མདུན་ལམ་འོད་ཟེར་དང་ལྡན་པ་ཞིག་ཡོད་པ་ང་ཚོས་གཏིང་ཟབ་ཚོར་ཐུབ་པ་བྱེད་དགོས་ལ། དེ་དང་ཆབས་ཅིག་ང་ཚོས་ཀྱང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རླབས་ཆེ་ཞིང་དཀའ་ཚེགས་ཆེ་བའི་བྱ་གཞག་ཅིག་ཡིན་པས། ཚོད་དཔག་ཐུབ་པ་དང་ཚོད་དཔག་ཐུབ་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་འཕྲད་ངེས་ཡིན་པ་དང་ངེས་པར་དུ་དེ་བས་དཀའ་སྤྱད་འབད་བརྩོན་གྱི་གྲ་སྒྲིག་བྱེད་དགོས་པའང་ང་ཚོས་དེ་བས་ཚོར་ཐུབ་པ་བྱེད་དགོས། འབྱུང་འགྱུར་ལ་ཕྱོགས་ནས་ལས་འགན་ཨང་དང་པོ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟངས་འཛིན་ནན་པོ་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེན་པོས་མདུན་སྐྱོད། འགྲོ་ལམ་དང་བློ་སྟོབས་མི་འགྱུར་བ་མཐའ་འཁྱོངས། རྒྱུན་སྲིང་ལག་བསྟར་དང་སེམས་ཤུགས་གཅིག་སྒྲིལ་བཅས་བྱས་ཚེ། ང་ཚོས་མདུན་སྐྱོད་ཁྲོད་འཕྲད་པའི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་གྲུབ་འབྲས་ཀྱི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་ཐུབ་ངེས་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོའི་དམིགས་ཚད་ནི་བརྗིད་ཉམས་ཆེ་ལ་བབ་ཆགས་ཤིག་ཀྱང་ཡིན་པས། མཐར་གཏུགས་ནས་བརྗོད་ན། མི་སེར་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཆེད་རེད”ཅེས་ནན་བཤད་གནང་ཡོད། འབད་འཐབ་བྱས་ཏེ་ལོ་རྒྱུས་གཏོད། དངོས་སྒྲུབ་བྱས་ནས་འབྱུང་འགྱུར་གཏོད། འདས་ཟིན་པའི་འབད་འཐབ་ལམ་བུར་ཕྱིར་མིག་ལྟ་སྐབས། དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེ་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་དང་། མཉམ་དུ་སྒྲུབ་པ། མཉམ་དུ་འབད་འཐབ་བཅས་བྱས་པ་ལས་བྱུང་བ་ཞིག་རེད། མདུན་ཕྱོགས་ཀྱི་འབད་འཐབ་ལམ་བུར་རྒྱང་ལྟ་བྱེད་སྐབས། ཀྲུང་གོ་མི་དམངས་ཀྱི་མདུན་སྐྱོད་ངར་ཤུགས་དེ་བས་ཆེ་བ་དང་། འབད་འཐབ་ཀྱི་སྙིང་སྟོབས་དེ་བས་དཔའ་ངར་ཆེ་བ། རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་དེ་བས་བརྟན་པ་བཅས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་མི་དམངས་ཡོངས་ཀྱི་བྱ་གཞག་ཅིག་ཡིན་པས། ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་པ་དང་མི་དམངས་ཁྲོད་ཀྱི་འཛད་མཐའ་མེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་འདུས་ཚེ། གཞི་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་པ་ཟམ་མི་ཆད་པར་གཏོད་ཐུབ། མདུན་སྐྱོད་ཀྱི་ལམ་བུར། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱིས་བཏོན་པའི་རེ་འདུན་དང་། བཏོད་པའི་ཉམས་མྱོང་། དབང་བའི་དབང་ཆ། བཏོན་པའི་ནུས་པ་བཅས་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་གཞུང་དྲང་ངང་མི་དམངས་ཡོངས་ལ་ཐོབ་པར་བྱེད་པ། མི་དམངས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་དེ་བས་ལེགས་པར་འཕེལ་བ་བཅས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

    མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་ཡིན་པས་རྒྱལ་ཁབ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད་མདུན་སྐྱོད་བྱེད་པ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་སྒྲོལ་བ། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་གསོན་ཤུགས་ལྡན་ལ་བརྟན་ལྷིང་དང་བརྒྱུད་རིམ་ལྡན་པ་བཅས་འགན་ལེན་ནུས་ལྡན་ཡོང་བར་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་དང་གསོན་ཤུགས་ཆེན་པོ་ལྡན་ཡོད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་། འཐུས་ཚང་། ལག་བསྟར་བཅས་ཡག་པོ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ལམ་བུར་སྐྱོད་དགོས།

    བརྗིད་ཆེའི་འཆར་གཞིས་མི་སེམས་ལ་སྐུལ་ལྕག་བྱེད། དུས་རབས་ཀྱི་དུང་བརྡས་མདུན་སྐྱོད་བྱེད་པར་སྐུལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ང་ཚོར་གདེང་ཚོད་དང་སྟོབས་ཤུགས་ཀྱིས་ཁེངས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། སྙིང་སྟོབས་རབ་འཕེལ་དང་མཐུན་སྒྲིལ་འབད་འཐབ། འབད་འབུངས་ཡར་བརྩོན་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ཚེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་དམིགས་ཚད་མངོན་འགྱུར་ཐུབ་ངེས་རེད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡང་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།