དབུ་ཤོག
  • བོད་ཀྱི་ས་ཆ་འདི་དག་ལ་ད་དུང་ཡང་གངས་འབབ་རྒྱུ་རེད་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-11

    ཟླ་3ཚེས་10ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་བར། སྔོན་དཔག་ལྟར་ན། གཟའ་འཁོར་འདིའི་ནང(ཟླ་3ཚེས་11ཉིན་ནས་ཚེས་17ཉིན་བར)བོད་ཀྱི་ལྷོ་ནུབ་རྒྱུད་དང་ཤར་རྒྱུད་དུ་གངས་སམ་ཆར་པ་ཡང་སེ་འབབ་རྒྱུ་དང་དྲོད་ཚད་ཐད་འགྱུར་ལྡོག་ཆེ་ཙམ་ཡོང་རྒྱུ་རེད་འདུག གཟའ་འཁོར་འདིའི་ཆར་ཆུ་འབབ་ཚད་ནི། ཡར་ཀླུང་གཙང་པོ་རྒྱུགས་ཁུལ་དུ་གངས་སམ་ཆར་པ་ཅུང་ཉུང་བ་དང་དེ་མིན་གྱི་ས་ཆ་ཁག་ལ་རྒྱུན་གཏན་ལྟར་རེད་འདུག གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད་ནི། མངའ་རིས་ལ་དྲོད་ཚད་ཅུང་དམའ་བ་དང་དེ་མིན་གྱི་ས་ཆ་ཁག་ལ་རྒྱུན་གཏན་ནམ་ཅུང་མཐོ་ཙམ་ཡོང་རྒྱུ་རེད།

    གནམ་གཤིས་གཙོ་བོ་སྟོན་ཚུལ།

    ཚེས་11ཉིན་ནས་14ཉིན་བར། ཉིང་ཁྲི་དང་། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད། ནག་ཆུའི་ཤར་རྒྱུད་དང་དབུས་རྒྱུད་བཅས་སུ་གངས་སམ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་བབ་མཐོ་བའི་ས་ཆ་ཁ་ཤས་སུ་གངས་ཆེ་བ་ནས་ཧ་ཅང་ཆེ་བའི་བར་འབབ་རྒྱུ། ལྷོ་ཁའི་ལྷོ་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད། ཆབ་མདོའི་བྱང་རྒྱུད་དང་དབུས་རྒྱུད། ལྷ་སའི་བྱང་རྒྱུད་དང་ཤར་རྒྱུད་བཅས་སུ་གནམ་འཐིབས་ནས་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་ཆ་ཁ་ཤས་སུ་གངས་འབྲིང་བ་འབབ་རྒྱུ། དེ་མིན་གྱི་ས་ཆར་སྤྲིན་པ་མང་པོ་འཁོར་བ་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁ་ཤས་ལ་གངས་ཡུད་ཙམ་འབབ་རྒྱུ། གངས་བབས་རྗེས་དྲོད་ཚད་ཧྲི་ཧྲེ་ཏུའུ་4ནས་8བར་ཆག་རྒྱུ།

    ཚེས་15ཉིན་ནས་17ཉིན་བར། ཉིང་ཁྲིར་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། ནག་ཆུའི་ཤར་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད། ཆབ་མདོའི་བྱང་རྒྱུད་དང་དབུས་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་གནམ་འཐིབས་ནས་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆར་གནམ་དྭངས་ནས་རིམ་བཞིན་སྤྲིན་པ་མང་པོ་འཁོར་རྒྱུ། མངའ་རིས་དང་ནག་ཆུ། གཞིས་རྩེའི་ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་ལྷགས་པ་ཆེ་བ་རིམ་པ་8ནས་9བར་རྒྱག་རྒྱུ་དང་། ས་ཆ་ཁ་ཤས་སུ་ལྷགས་ཤུགས་རིམ་པ་10ཡན་སླེབས་རྒྱུ། ཡར་ཀླུང་གཙང་པོ་རྒྱུགས་ཁུལ་དང་ལྷོ་ཁའི་ལྷོ་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་སུ་ཉིན་དགུང་ཡོལ་རྗེས་ལྷགས་པ་རིམ་པ་5ནས་6བར་ཡུད་ཙམ་རྒྱག་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།