ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད།
(2024ལོའི་ཟླ་3ཚེས་10ཉིན་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བ)
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་དེ་2024ལོའི་ཟླ་3ཚེས་4ནས་10ཉིན་བར་པེ་ཅིང་དུ་འཚོགས་པ་རེད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཕེབས་ནས་ཨུ་ཡོན་རྣམ་པ་དང་མཉམ་དུ་རྒྱལ་དོན་གྲོས་མོལ་གནང་བ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་། རྒྱལ་ཡོངས་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། རང་འགན་གཙང་སྒྲུབ་ཧུར་ཐག་དང་། གྲོས་མོལ་སྲིད་གླེང་ཏན་ཏིག གྲོས་རིམ་ཁག་བདེ་བླག་ངང་ལེགས་སྒྲུབ་བཅས་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད།
ཚོགས་འདུའི་ཐོག་ཝང་ཧུའུ་ཉིང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་གནང་བ་དང་། ཀའོ་ཡུན་ལུང་གིས་གནང་བའི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་གྱི་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་གནང་བ་རེད། ཨུ་ཡོན་རྣམ་པ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཟུར་ཞུགས་གནང་ནས་ལི་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་དེ་བཞིན་འབྲེལ་ཡོད་སྙན་སྒྲོན་གཞན་དག་སོགས་ལ་གྲོས་བསྡུར་གནང་ནས་མོས་མཐུན་ཡོད་ཅེས་གསུངས་པ་དང་འབྲེལ་དགོངས་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་རེད།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདས་ཟིན་པའི་ལོ་གཅིག་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། ཕྱི་ནང་གི་དཀའ་ངལ་མཐའ་གཅིག་ཏུ་སེལ་བ། སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བརྟན་པོ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པ་མ་ཟད། ཚན་རྩལ་གསར་གཏོད་ལ་ཚད་བརྒལ་གསར་པ་བྱུང་བ་དང་། འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་སླར་ཡང་ཟིན་ཐོ་གསར་པ་བཏོད་པ། བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་ཕྱིན་པ། དམངས་འཚོ་འགན་ལེན་ལ་ནུས་པ་དང་ཕན་འབྲས་ཐོན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྲུབ་འབྲས་མངོན་གསལ་དོད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཐུབ་པ། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པར་གོམ་སྟབས་བརྟན་པོ་སྤོས་པར་བརྟེན། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་གདེང་ཚོད་དང་གདིང་སྤོབས་སྔར་བས་ཆེ་རུ་ཕྱིན་ཡོད། གྲུབ་འབྲས་དེ་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས་ངེས་པར་དུ་གཅེས་འཛིན་ལྡབ་བརྒྱ་བྱེད་དགོས།
ལག་ལེན་གྱི་ཐོག་ནས“གཏན་འཁེལ་གཉིས”ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གཏན་འཁེལ་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་། གདིང་སྤོབས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད། མི་དམངས་སྲིད་གྲོས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་གཅིག་རིང་མི་དམངས་སྲིད་གྲོས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གནང་བ་དང་སྲིད་གྲོས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་ཡང་གནང་བ་རེད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་དང་སེམས་ཤུགས་ཆེན་པོ་སྐྱེད་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ལ་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། སྲིད་དོན་ཇུས་འབུལ་ཧུར་ཐག་བྱེད་པ། རྒྱ་ཁྱབ་ངང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རམ་འདེགས་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་དང་། ཚན་རྩལ་རིགས་ཁོངས། ཁོར་ཡུག་ཐོན་ཁུངས་རིགས་ཁོངས་བཅས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་དང་། ཚན་རྩལ་རིགས་ཁོངས། ཁོར་ཡུག་ཐོན་ཁུངས་རིགས་ཁོངས་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དང་འགན་ནུས་དེ་བས་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་དང་། ཁོང་གི་གསུང་བཤད་ལ་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན། དམིགས་སའི་རང་བཞིན་བཅས་ཤུགས་ཆེན་ལྡན་ཡོད་པས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས། དུས་རབས་གསར་པར་ཀྲུང་གོ་གུང་ཁྲན་ཏང་གིས་ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་མཛད་ཇུས་མཐའ་འཁྱོངས་ཀྱིས་མཐུན་སྒྲིལ་ཆོག་པའི་རྒྱལ་གཅེས་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ་དང་ངོགས་གཉིས་ཀྱི་ཁྱབ་ཁོངས་ཁག་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་མེས་རྒྱལ་ཞི་བདེ་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། ཚན་སློབ་རྒྱལ་དར་གྱི་རྒྱལ་ཁབ་སྟོབས་ཆེན་གྱི་འདུན་པ་ཆེན་པོ་སྔར་ལས་ཆེ་རུ་བཏང་ནས་ཚན་རྩལ་གསར་གཏོད་ཀྱི་ལས་འགན་ལྕི་པོ་འཁུར་བ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་རམ་འདེགས་བྱས་ནས་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཆུ་ཚད་མཐོན་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་དང་འདེགས་སྐྱོར་བྱེད་པའི་ཐད་ལེགས་སྐྱེས་གསར་པ་ཕུལ་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ད་ཡོད་ཀྱི་རྨང་གཞིའི་ཐོག་མུ་མཐུད་མདུན་སྐྱོད་བྱས་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་གསར་གཏོད་ལ་ཚད་བརྒལ་ཟམ་མི་ཆད་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་དང་རྒྱ་སྐྱེད་གྲུབ་འབྲས་ཐོབ་པ་བཏང་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། རྒྱ་ཆེའི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་བྱེད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་ཡང་དག་པའི་ཁ་ཕྱོགས་བརྒྱུད་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་འགན་ལེན་གྱིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་བརྗིད་ཆེའི་འཆར་གཞི་དེ་གོམ་པ་རེ་རེ་བཞིན་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་རང་རྟོགས་ངང་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་ཞབས་འདེགས་ཞུས་ནས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་གལ་ཆེན། འཕེལ་རྒྱས་ཁྲོད་ཀྱི་དངོས་ཡོད་ཀྱི་གནད་དོན་གལ་ཆེན་བཅས་ལ་དམ་པོར་དམིགས་ནས་ཐབས་ཇུས་བཟང་པོ་རྒྱ་ཁྱབ་འགོད་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོར་བརྟེན་ནས་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ་དང་ཕྱོགས་ཁག་གི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་བསལ་ནས་ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། བརྒྱུད་རིམ་རང་བཞིན་གྱི་སླར་གསོ། ཁྱོན་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་བྱུང་ཡོད། སྒྱུར་བཅོས་ཕྱོགས་ཡོངས་ནས་སྔར་བས་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་རྒྱུན་ཆད་མེད་པར་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་དང་འཕེལ་བར་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་སྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་གཏིང་ཟབ་བྱས་ཁར། སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་དོན་འཁྱོལ་གནད་སྨིན་ཡོང་བར་དམིགས་ཏེ་དམངས་གཙོའི་ལྟ་སྐུལ་བྱས་ནས་སྒྱུར་བཅོས་ལ་འདེགས་སྐྱོར་དང་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཀྲུང་གུང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་མཐའ་འཁྱོངས། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་མཐའ་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱ་རྒྱུར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་དང་། གྲོས་མོལ་སྲིད་གླེང་། དམངས་གཙོའི་ལྟ་སྐུལ་བཅས་བྱས་ཁར། མཐུན་སྒྲིལ་དང་མཐུན་འབྲེལ་གཏིང་ཟབ་ཏུ་དང་རྒྱ་ཆེ་རུ་བཏང་སྟེ་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་གཞུང་འཁྱོངས་གསར་འབྱེད་དང་། རང་འགན་གཙང་སྒྲུབ་བྱས་པས་ལས་དོན་ཁག་ལ་ཕན་འབྲས་གསར་པ་དང་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་ཕུལ་ཐུབ་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་ཀྱང་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བྱ་རྒྱུ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་བཏང་སྟེ“སྲུང་སྐྱོང་གཉིས”མི་དམངས་སྲིད་གྲོས་ཀྱི་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་གཅིག་ཏུ་ཡོང་བ་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་ཆད་མེད་པར་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། རྒྱུན་རྣམ་ཅན་གྱི་སྒོ་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཆབ་སྲིད་གསོ་སྦྱོང་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་དེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འཇོན་ཐང་དུ་སྔར་བས་ལེགས་པར་སྒྱུར་དགོས། རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པའི་དགེ་མཚན་འདོན་སྤེལ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། ཏང་ཕྱིའི་ཤེས་ཡོན་ཅན་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ་བཅས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ”ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་ཕྱོགས་ཡོངས་ནས་གནད་འཁེལ་དང་བློ་བརྟན་འགྱུར་མེད་ངང་ལག་བསྟར། སྲིད་ཏང་གི་འབྲེལ་བ་དང་། མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་ནས་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་འགྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ཨུ་ཡོན་གྱིས་རིགས་ཁོངས་ཀྱི་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལས་དོན་དང་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པའི“དམངས་ལ་ཞབས་འདེགས་ཞུ་བའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་ཏང་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་གདེང་ཚོད་ཆེ་རུ་གཏོང་བ་དང་། མི་སེམས་གཅིག་ཏུ་སྒྲིལ་བ། དོགས་གནད་སེལ་བ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ཕྱི་ཕྱོགས་དང་མཛའ་མཐུན་འགྲོ་འོང་ཧུར་ཐག་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་རྒྱུ་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་ཏེ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ཀྲུང་གོའི་གསུང་སྒྲ་བརྒྱུད་སྤེལ་ཡག་པོ་བྱེད་དགོས། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་འབྲེལ་ཡོད་ཀྱི་བྱེད་སྒོ་གྲ་སྒྲིག་དང་སྒྲིག་འཛུགས་ཡག་པོ་བྱས་ནས་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་དང་། ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྒོ་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྲིད་གྲོས་ཀྱི་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི“དཔུང་ཁག་གཉིས”འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས“སྲིད་གྲོས་རྒྱུས་ལོན་དང་། གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་ལ་སྣང་ཆེན། ཀུན་སྤྱོད་ལ་མཐོང་ཆེན་བཅས་བྱེད་དགོས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ནས་རང་ངོས་ཀྱི་བྱང་ཚད་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བ་དང་། སྐད་ཆ་དྲང་པོ་ཤོད་པ་དང་། གནས་ཚུལ་དངོས་ཤོད་པ། བྱ་ཐབས་དངོས་འདོན་པ་བཅས་བྱས་ནས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་བྱེད་དགོས། ལས་ཁུངས་ཀྱི་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཏེ་ཡག་ཐོག་ཡག་བརྩེགས་དང་རྩེར་སོན་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་དར་སྤེལ་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་དང་ཡོ་བསྲང་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ་ཏང་ཐུགས་བློ་བདེ་པོ་དང་མི་དམངས་བློ་ཡིད་ཚིམ་པའི་དཔེ་སྟོན་ལས་ཁུངས་འཛུགས་སྐྱོང་བྱེད་དགོས།
ཚོགས་འདུའི་ཐོག་མི་དམངས་སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག་དང་། རིམ་ཁག་རྩ་འཛུགས། རྒྱ་ཆེའི་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་བློ་གཅིག་སེམས་གཅིག་དང་ཇུས་ཤུགས་མཉམ་འདོན་བྱས་ཏེ་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་འབོད་སྐུལ་བྱས་ཡོད།