དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།

    (2024ལོའི་ཟླ་3ཚེས་10ཉིན་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་ པའི་ཐོག་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-11

    རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་རིང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཁོངས་ཞུགས་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། གྲོས་གཞི་བཏོན་པ་བརྒྱུད་ཇུས་འབུལ་ཧུར་ཐག་བྱས་ཏེ། ཆུ་ཚད་མཐོ་བའི་འགན་སྒྲུབ་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་75འཁོར་བར་བསུ་བ་ཞུས་པ་རེད།

    ཟླ་3ཚེས་5ཉིན་གྱི་ཆུ་ཚོད་20བར་ཁྱོན་གྲོས་གཞི་ཁག་5898འབྱོར་ཞིང་། 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྐོར་གྱི་སྲོལ་ཡིག》དང་གྲོས་གཞིར་ཞིབ་བཤེར་བྱེད་པའི་ལས་དོན་གྱི་ཞིབ་སྲོལ་ལྟར་ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་ཁག་5006ཐོ་འགོད་བྱས་པ་དང་། གྲོས་གཞི་ཁག་160ཟླ་སྒྲིལ་བ། གྲོས་གཞི་ཁག་732བསམ་འཆར་དང་གྲོས་འགོར་བསྒྱུར་ཡོད་པ་རེད།

    གྲོས་གཞི་ཐོ་འགོད་བྱེད་སྐབས་ཨུ་ཡོན་གྱི་གྲོས་གཞི་ཁག་4534ཡོད་པ་དེས་90.6%ཟིན་པ་དང་། དམངས་གཙོའི་ཏང་ཤོག་ཁག་དང་། མི་དམངས་ཚོགས་པ་དང་རིགས་ཁོངས་ཁག ཨུ་ཡོན་གྱི་ཚོགས་ཆུང་སོགས་ཐུན་མོང་གི་གྲོས་གཞི་ཁག་472ཡོད་པ་དེས་9.4%བཟུང་ཞིང་། དེའི་ནང་དཔལ་འབྱོར་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་ཁག་1985ཡོད་པ་དེས་39.7%ཟིན་པ་དང་། ཆབ་སྲིད་འཛུགས་སྐྱོང་ཐད་ཀྱི་གྲོས་གཞི་ཁག་465ཡོད་པ་དེས་9.3%ཟིན་པ། རིག་གནས་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་ཁག་457ཡོད་པ་དེས་9.1%ཟིན་པ། སྤྱི་ཚོགས་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་ཁག་1436ཡོད་པ་དེས་28.7%ཟིན་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཀྱི་གྲོས་གཞི་ཁག་663ཡོད་པ་དེས་13.2%ཟིན་ཡོད་པ་རེད།

    ད་ཐེངས་ཀྱི་ཚོགས་འདུའི་གྲོས་གཞིར་གཤམ་གསལ་གྱི་ཁྱད་ཆོས་ལྡན་པ་སྟེ། གཅིག་ནས་གྲོས་གཞི་འདོན་མཁན་གྱིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་ནན་ཏན་བྱས་ནས། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་བཅས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་པ་དང་། གཉིས་ནས་གྲོས་གཞི་འདོན་མཁན་གྱིས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་དང་། རང་ངོས་ཀྱི་ལས་ཀའི་ཁྱབ་ཁོངས། ཆེད་ལས་ཀྱི་ཁྱད་ཆོས་བཅས་ལ་གཞིགས་ནས་བརྟག་ཞིབ་གཏིང་ཟབ་དང་གྲོས་འགོ་བཏོན་ཏེ། ཨུ་ཡོན་ཁྱོན་1860ཡིས་གྲོས་གཞི་བཏོན་པ་དང་སྤྱི་ཡོངས་ནས་བལྟས་ན། གྲོས་གཞིའི་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་པ། གསུམ་ནས་གྲོས་གཞི་བརྒྱུད་ཆེད་དོན་གྲོས་མོལ་གྱི་སྒྲིག་གཞི་ཞིག་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་བླང་བྱ་ལག་བསྟར་བྱེད་པ། བློ་གྲོས་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། སེམས་ཤུགས་དང་སྟོབས་ཤུགས་བརྒྱུད་སྤྲོད་བཅས་བྱས་ཏེ། རྒྱལ་ཁབ་ཆེད་འགན་འཁྲི་ཁུར་བ་དང་མི་དམངས་ཆེད་འགན་འཁྲི་འཁུར་བའི་འགན་འཁུར་གྱི་སྙིང་སྟོབས་མཚོན་པ། བཞི་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་གྲོས་གཞི་100%དྲ་ཐོག་ནས་ཕུལ་བའི་རྨང་གཞིའི་ཐོག་ད་ཐེངས་ཀྱི་ཚོགས་འདུར་གྲོས་གཞི་ཐག་གཅོད་ཀྱི་བརྒྱུད་རིམ་ཧྲིལ་པོ་ཤོག་མེད་ཅན་གྱི་དྲ་ཐོག་ནས་ཁྱབ་གདལ་བཏང་སྟེ། གྲོས་གཞི་འབུལ་བའི་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བར་འགན་ལེན་བྱས་ཡོད་པ་རེད།

    ཚོགས་ཆེན་གྲོལ་རྗེས་གྲོས་གཞི་སྒྲུབ་གཉེར་ཚན་པར་བསྒྲུབ་རྒྱུར་འབུལ་རྒྱུ་རེད། ད་ཐེངས་ཚོགས་ཆེན་གྱི་གྲོས་གཞི་འབུལ་བའི་དུས་ཚོད་ཐིམ་རྗེས་འབྱོར་བའི་གྲོས་གཞི་རྣམས་དུས་རྒྱུན་གྱི་གྲོས་གཞིར་བྱས་ཏེ་དུས་ཐོག་ཏུ་ཞིབ་བཤེར་དང་ཐག་གཅོད་བྱ་རྒྱུ་རེད།

    གོང་གསལ་སྙན་སྒྲོན་ལ་གྲོས་ཞིབ་གནང་རོགས།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་10ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།