ཨུ་ཡོན་ཀྲང་ཧྥེང་པའོ་ཡིས་གསུངས་དོན།
ཐབས་མང་མཉམ་སྤྱོད་ཀྱིས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་གི་ཕན་འབྲས་ཆེ་རུ་གཏོང་དགོས།
“གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་གི་ཕན་འབྲས་ཆེ་རུ་གཏོང་བ་ནི་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པའི་མཚོན་ཚུལ་གལ་ཆེན་ཞིག་རེད་ལ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད” རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཐེན་ཅིན་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དགུ་གསུམ་རིག་ཚོགས་ཐེན་ཅིན་གྲོང་ཨུད་ཀྱི་ཀྲུའུ་རེན་ཨུ་ཡོན་ཀྲང་ཧྥེང་པའོ་ཡིས། བརྟག་ཞིབ་བྱས་པ་ལས་མངོན་པར། མིག་སྔར་བསྐྲུན་ཟིན་པའི་ས་ཁུལ་ཁག་གཅིག་གི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་སྒྲིག་ཆས་རྒྱུན་གཏན་ལྟར་འཁོར་སྐྱོད་མི་ཐུབ་པའི་གནས་ཚུལ་ཐོན་ཡོད། གནད་དོན་གྱི་འགག་རྩ་དེ་གཞི་གཅིག་ཅན་གྱི་སྒྲིག་ཆས་ཐོན་སྐྱེད་བཟོ་གྲྭ་དང་། སྤུས་ཚད་མཐོ་བ། ཚད་ལྡན་ཅན་སོགས་རྒྱལ་ཁབ་ཀྱི་ཚད་གཞི་ད་དུང་བཟོས་མེད་པས་ཡིན། གཞི་གཅིག་ཅན་སྒྲིག་ཆས་ཀྱི་ཚད་ལྡན་ཅན་ཇུས་འགོད་དང་། ཐོན་སྐྱེད་བཟོ་སྐྲུན། འཁོར་སྐྱོད་བེད་སྤྱོད་བཅས་ལ་མཛུབ་ཁྲིད་མི་ཐུབ་པར་བརྟེན་བཟོ་སྐྲུན་ཆུ་ཚད་དོ་མི་སྙོམས་པ་དང་རྒྱུན་གཏན་ལྟར་འཁོར་སྐྱོད་བྱེད་ཐབས་བྲལ་བ་སོགས་ཀྱི་གནས་ཚུལ་ཐོན་པའི་ངོས་འཛིན་གནང་ཡོད།
ཀྲང་ཧྥེང་པའོ་ཡིས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་གི་གཞི་གཅིག་ཅན་སྒྲིག་ཆས་སྒྲིག་སྦྱོར་གྱི་རྒྱལ་ཁབ་ཚད་གཞི་བཟོ་བར་སྐུལ་འདེད་གཏོང་བ་དང་། དེའི་ནང་གཞི་གཅིག་ཅན་སྒྲིག་ཆས་ཀྱི་བཟོ་རྩལ་ཇུས་འགོད་ཀྱི་དཔྱད་གྲངས་དང་། སྒྲིག་ཆས་བཀོད་སྒྲིག བཟོ་སྐྲུན་ཚད་གཞི། ཐོན་སྐྱེད་བརྒྱུད་རིམ་སོགས་ཚུད་ཡོད་པས་ལག་བསྟར་དང་བཀོལ་སྤྱོད་ཆོག་པའི་ཐོན་སྐྱེད་ཚད་གཞི་ཞིག་ཆགས་པར་བྱས་ནས་གཞི་གཅིག་ཅན་གྱི་སྒྲིག་ཆས་ལ་བཟོ་གྲྭ་ཅན་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་བཟོ་སྐྲུན་གྱི་ཆ་རྐྱེན་འཛོམས་པར་བྱེད་དགོས། རྩེར་སོན་རིག་ནུས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་རྟེན་གཞི་བཙུགས་ནས་གཞི་གཅིག་ཅན་གྱི་སྒྲིག་ཆས་ཐོན་རྫས་བཟོ་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་སྔོན་ཐོན་གྱི་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཆས་ཐོན་ལས་ཁྱུ་ཚོགས་བཙུགས་ནས་གཞི་གཅིག་ཅན་གྱི་སྒྲིག་ཆས་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་རིགས་དབྱེ་དག་ཐེར་ཁྲོད་གཞི་གཅིག་ཅན་གྱི་སྒྲིག་ཆས་ཁྱབ་གདལ་དང་བེད་སྤྱོད་བྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། སྒྲིག་ཆས་རྒྱུན་གཏན་ལྟར་འཁོར་སྐྱོད་མི་ཐུབ་པ་དང་ལག་རྩལ་དང་བཟོ་རྩལ་ལུགས་དང་མི་མཐུན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཕྱོགས་ཡོངས་ནས་བརྟག་ཞིབ་བྱས་ཏེ་གཞི་གཅིག་ཅན་གྱི་སྒྲིག་ཆས་ཁྲོད་ལྷག་པའི་གནད་དོན་ལ་དབྱེ་ཞིབ་བྱེད་པ་དང་། ཚད་གཞི་ཅན(ལག་རྩལ་བཟོ་རྩལ་ཅན)གྱི་གཞི་གཅིག་ཅན་གྱི་སྒྲིག་ཆས་དཔེ་དུམ་བཟོས་ནས་ཚད་གཞི་ཅན་གྱི་གཞི་གཅིག་ཅན་གྱི་སྒྲིག་ཆས་དཔྱད་གཞིའི་དཀར་ཆག་གསལ་ཐོ་བཟོ་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།