ཨུ་ཡོན་ལི་དབྱང་མིན་གྱིས་གསུངས་དོན།
རྒྱལ་ཐོན་གནམ་གྲུ་ཆེ་གྲས་ཀྱི་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་ལ་སྐུལ་འདེད་གཏོང་དགོས།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་པའི་ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཨུ་ཡོན་ལི་དབྱང་མིན་གྱིས། འབྲེལ་ཡོད་ཕྱོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རྒྱལ་ཐོན་གནམ་གྲུ་ཆེ་གྲས་ཀྱི་གཞི་ཁྱོན་ཅན་གྱི་ཚོང་ལས་གཉེར་སྐྱོང་བདེ་བླག་ཡོང་བར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
2023ལོའི་ཟླ་5ཚེས་28ཉིན་ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་ཀུང་སི་གོ་ལ་ཧྲིལ་པོའི་སྤྱོད་མཁན་ཐོག་མ་ཡིན་པའི་ངོས་ནས་C919རྟགས་ཅན་གྱི་རྒྱལ་ཐོན་གནམ་གྲུ་ཆེ་གྲས་ཐོག་མ་རྩིས་སྤྲད་རྗེས་ཚོང་ལས་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། མིག་སྔར་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་གནམ་གྲུའི་རུ་ཁག་ནང་C919རྟགས་ཅན་གྱི་གནམ་གྲུ་བཞི་ཚོང་ལས་གཉེར་སྐྱོང་བྱེད་བཞིན་ཡོད། འདི་ལོའི་ཟླ་3ཚེས་2ཉིན་ཁག་དང་པོའི་གནམ་གྲུའི་མངགས་ཐོ་5ཚང་མ་རྩིས་སྤྲད་པ་དང་། 2023ལོའི་ལོ་མཇུག་བར་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་C919རྟགས་ཅན་གྱི་གནམ་གྲུའི་རུ་ཁག་གིས་རིམ་རྩིས་བྱས་ན་ཆུ་ཚོད1956.16འཕུར་སྐྱོད་བྱས་པ་དང་འགྲུལ་པ་མི་ཐེངས་81.668སྐྱེལ་འདྲེན་བྱས་ཡོད། 2023ལོའི་ཟླ་9པར་ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་ཀྲུང་གོ་ཚོང་དོན་གནམ་གྲུ་ཀུང་སི་དང་གནམ་གྲུ་ཉོ་སྒྲུབ་ཀྱི་གྲོས་མཐུན་བཞག་ནས་C919རྟགས་ཅན་གྱི་གནམ་གྲུ་100ཐོལ་པ་མངགས་པ་དང་རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲས་ཀྱི་གཉེར་སྐྱོང་གཞི་ཁྱོན་མུ་མཐུད་ཆེ་རུ་བཏང་སྟེ་སྔོན་དཔག་བྱས་ན་2024ལོར་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་C919རྟགས་ཅན་གྱི་གནམ་གྲུའི་རུ་ཁག་གི་གཞི་ཁྱོན་གནམ་གྲུ་10ཟིན་རྒྱུ་ཡིན་པ་རེད།
ཨུ་ཡོན་ལི་དབྱང་མིན་གྱིས་རྒྱལ་སྤྱིའི་ཐོག་ལག་རྩལ་བྱང་ཆུབ་པའི་རིགས་གཅིག་མཚུངས་ཀྱི་གནམ་གྲུ་དང་བསྡུར་ཚེ། རྒྱལ་ཐོན་གནམ་གྲུ་ཆེ་གྲས་ཀྱི་གཞི་ཁྱོན་ཅན་གྱི་ཚོང་ལས་གཉེར་སྐྱོང་ཐད་ད་དུང་ཐོག་མའི་དུས་མཚམས་སུ་གནས་ཡོད་པས། ཁྲོམ་ར་དང་ཚོང་ལས་གཉེར་སྐྱོང་ལམ་ལྷོངས་ཡོང་བ་བྱེད་པར་རྒྱལ་ཐོན་གནམ་གྲུ་ཆེ་གྲས་ཀྱི་གཞི་ཁྱོན་ཅན་གྱི་འཁོར་སྐྱོད་བྱེད་སྟངས་མུ་མཐུད་འཚོལ་ཞིབ་དང་ལྟེ་བའི་འགྲན་རྩོད་ཀྱི་ནུས་པ་མུ་མཐུད་ཆེ་རུ་གཏོང་དགོས་ཀྱི་ཡོད་ཅེས་གསུངས་པ་རེད། ཁོང་གིས་ལྷུ་ལག་གི་ཉམས་བཟོ་འགན་ལེན་མ་ལག་དང་། འཁོར་སྐྱོད་འགན་ལེན་མ་ལག ཚོང་ལས་གཉེར་སྐྱོང་ཐོན་ཁུངས་བཀོད་སྒྲིག འབྲེལ་ཡོད་ལེ་ལག་ཚང་བའི་སྲིད་ཇུས་སོགས་ཕྱོགས་མང་པོར་དམིགས་ནས་སྔར་བས་མཐུན་སྦྱོར་དང་ཤུགས་རྒྱག་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།