ཟས་ཆོག་ཚལ་གྱི་སྤུས་ཚད་འགན་ལེན་བྱས་ནས་ཀྲུང་ཧྭའི་ཟས་མཆོག་རིག་གནས་རྒྱུན་འཛིན་ཡག་པོ་བྱེད་དགོས།
འདི་ལོའི་དཔྱིད་གསར་དུས་ཆེན་སྐབས། ཧྲང་ཧའེ་ཡི་ཟ་ཁང་རྙིང་པ་ཁག་གཅིག་གིས་ལོ་གསར་གྱི་ཚལ་སྣ་འདྲ་མིན་གཅིག་རྗེས་གཉིས་མཐུད་ངང་བཏོན་ཡོད་མོད། འོན་ཀྱང་འཛད་སྤྱོད་པས་བྲོ་བ་མྱངས་རྗེས་སྔོན་ཆད་ལྟར་མེད་པའི་སྣང་བ་འཆར། ཚལ་སྣ་དེ་དག་གི་ཁྲོད་ཟས་ཆོག་ཚལ་མཐོང་རྒྱུ་ཡོད། འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ཨུ། ཟླ་སྐར་ཚོགས་པའི་ཏུང་ཧྲི་ཅུས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཏིང་ཙུའོ་ཧུང་གིས“ཟས་ཆོག་ཚལ་གཟབ་ནན་ངང་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ”བཏོན་གནང་བ་རེད།
ཨུ་ཡོན་ཏིང་ཙུའོ་ཧུང་གིས། མིག་སྔར་ཟས་ཆོག་ཚལ་རང་རྒྱལ་དུ་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། མི་དམངས་དྲ་བའི་ཐོག་ཡོངས་བསྒྲགས་བྱས་པའི《ཟས་ཆོག་ཚལ་གྱི་ལས་རིགས་འཕེལ་རྒྱས་སྙན་ཞུའི》ནང་མངོན་པར་གཞིགས་ན། 2022ལོར་ཀྲུང་གོའི་ཟས་ཆོག་ཚལ་གྱི་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་4196ཟིན་ཡོད་ལ། འབྱུང་འགྱུར་སྔོན་དཔག་བྱས་ན་དུང་ཕྱུར་ཁྲི་རིམ་པའི་ཁྲོམ་ར་ཞིག་ཆགས་རྒྱུ་རེད། དེ་དང་ཆབས་ཅིག་ཐོན་སྐྱེད་ལྟ་འདོམས་སོགས་ལྷུ་ཚིགས་ཐད་རྒྱལ་ཁབ་ཀྱི་གཅིག་གྱུར་ཚད་གཞི་མི་འདང་ལ། མ་རྩ་དང་ལས་རིགས་ཁག་གིས་ཁེ་ཕན་དོན་གཉེར་བྱེད་པ་སོགས་ཀྱི་རྐྱེན་པས། ཟས་ཆོག་ཚལ་ཐོན་སྐྱེད་ཀྱི་སྤུས་ཚད་ལེགས་ཉེས་ཆ་མི་སྙོམས་པ་དང་ཐོན་ལས་འཕེལ་རྒྱས་ལ་སྒྲིག་མེད་ལུགས་མེད་དང་གོ་རིམ་མེད་པའི་སྣང་ཚུལ་ཐོན་ཡོད་ཅེས་གསུངས་པ་རེད།
ཨུ་ཡོན་ཏིང་ཙུའོ་ཧུང་གིས་ངོས་འཛིན་གནང་དོན། ཟས་ཆོག་ཚལ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དེས་དཔལ་འབྱོར་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་མི་ཉུང་བ་ཞིག་བཟོས་ཡོད་པ་སྟེ། གཅིག་ནས་ལོ་ངོ་སྟོང་ཕྲག་རིང་ཆགས་པའི་ཁྱིམ་ཚང་ཁྲི་སྟོང་མང་པོའི་རང་སོ་སོའི་ཁྱད་ཆོས་ལྡན་པའི་ཟས་མཆོག་གི་གཞི་རྒྱུ་དང་མ་བྱན་རིག་གནས་ལ་གཏོར་བཤིག་ཕོག་སླ་པོ་ཡོད་ཅིང་། དེས་བཟའ་བཏུང་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཡུན་གནས་དང་རྒྱུན་འཛིན་ལ་ཕན་པ་མེད་ལ། བཟའ་བཏུང་རིགས་ཀྱི་ལོ་བརྒྱའི་ཚོང་ཁང་རྙིང་པ་དང་མི་རིགས་ཀྱི་སྤུས་རྟགས་རྒྱུན་འཛིན་དང་གཏོད་རྒྱུར་ཡང་ཕན་པ་མེད། གཉིས་ནས་བཟའ་བཏུང་གི་གོམས་གཤིས་ལ་ཤུགས་རྐྱེན་ཐེབས་ཤིང་། ཟས་ཆོག་ཚལ་སྟབས་བདེ་པོ་ཡོད་ཀྱང་དེས་མི་རྣམས་ལ་གཞན་རྟེན་དང་སྒྱིད་ལུག་གི་བསམ་བློ་འབྱུང་སླ་པོ་ཡོད། ལྷག་པར་དུ་ཟས་ཆོག་ཚལ་གྱི་ཁྱབ་ཁོངས་སུ་བཟོ་གྲྭ་ཞིག་གིས་བྲོ་བ་དང་ཚོང་རྟགས་སྣ་ཚོགས་པའི་ཐོན་རྫས་ཚབ་བྱས་ཏེ་ཐོན་སྐྱེད་བྱེད་ཀྱི་ཡོད་པས། ཟས་བརྒྱ་རོ་གཅིག་ལྟ་བུའི་ཟས་ཆོག་ཚལ་མང་པོ་ཐོན་ནས་འདྲ་མཚུངས་ཀྱི་གནད་དོན་ཚབས་ཆེན་ཐོན་སླ་པོ་ཡོད། གསུམ་ནས་ཚུལ་དང་མི་མཐུན་པའི་འགྲན་རྩོད་ཐོན་གྱི་ཡོད། དྲ་ཕྱིའི་བཟའ་བཏུང་ཐད་ཟས་ཆོག་ཚལ་སྟབས་བདེའི་ངང་ཚ་པོ་བཟོ་བའམ་ཡང་ན་བརྔོས་ཙམ་བྱས་ན་བཟའ་ཆོག་པས་དུས་ཚོད་དང་མི་ཤུགས་ཀྱི་མ་གནས་གྲོན་ཆུང་ཐུབ་ཀྱི་ཡོད། ས་གནས་ས་ཐོག་ཏུ་བཟོ་རྒྱུ་མཐའ་འཁྱོངས་བྱེད་མཁན་གྱི་ཚོང་པའི་ངོས་ནས་བརྗོད་ན་ཚུལ་མིན་གྱི་འགྲན་རྩོད་ཐོན་སླ་པོ་ཡོད། བཞི་ནས་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་དཀའ་ཞིང་། ཟས་ཆོག་ཚལ་གྱི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཚད་གཞི་ད་དུང་བཏོན་མེད་པས་མང་ཚོགས་ཚོར་ཟས་ཆོག་ཚལ་གྱི་བཟའ་བཅའི་བདེ་འཇགས་དང་། འཚོ་བཅུད། སྤུས་ཚད་སོགས་ལ་དོགས་གཞི་ཡོད་པ་རེད།
སྤྱི་ཡོངས་ནས་བལྟས་ཚེ། ཀྲུང་ཧྭའི་ཟས་མཆོག་རིག་གནས་ནི་འཛམ་གླིང་གི་མིང་བྱང་ལྟ་བུ་ཞིག་ཡིན་པས། ཟས་བརྒྱ་རོ་གཅིག་ལྟ་བུའི་ཟས་ཆོག་ཚལ་ཐོན་སྐྱེད་བྱེད་པ་ལས་མཚམས་ཆད་མི་རུང་། བཙན་ཤེད་ཀྱི་ཚད་གཞི་མ་བཟོས་པ་དེས་ཟས་ཆོག་ཚལ་ཁྱབ་གདལ་གཏོང་བའི་ཁྲིམས་ལུགས་ཀྱི་ཆ་རྐྱེན་མ་འཛོམས་པ་དང་ལག་རྩལ་དང་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པ་ལས་ལག་རྩལ་དང་དཔལ་འབྱོར་གྱི་མ་གནས་འཛད་སྤྱོད་ཁྲོམ་རས་དང་ལེན་བྱེད་དཀའ་བར་གྱུར་ཡོད། གང་ལགས་ཤེ་ན། ངེས་པར་དུ་གྲང་ཕྲེང་ཧྲིལ་པོ་དང་སྒོ་རྒྱག་གཉེར་སྐྱོང་བྱས་ཚེ་གཞི་ནས་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་ཐུབ་ཀྱང་མ་གནས་མཐོ་རུ་འགྲོ་ངེས་རེད།
དེར་བརྟེན་ཨུ་ཡོན་ཏིང་ཙུའོ་ཧུང་གིས་སྤྱི་ཚོགས་ཀྱི་སྤྱི་དམངས་ཚོས་ཟས་ཆོག་ཚལ་གྱི་འཛད་སྤྱོད་བྱེད་དབང་དང་འདེམས་དབང་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། ཁྲོམ་རའི་ལྟ་འདོམས་སྡེ་ཚན་གྱིས་ལག་བསྟར་དང་ལྟ་འདོམས་ཀྱི་ལྷུ་ཚིགས་སུ་འབྲེལ་ཡོད་དོན་འཁྱོལ་ཞིབ་སྲོལ་གང་མགྱོགས་བཟོས་ཏེ། ཕྱོགས་གཅིག་ནས་འབྲེལ་ཡོད་བཟའ་བཏུང་ཁེ་ལས་དང་ཚོང་པས་ངེས་པར་དུ་རང་འགུལ་ངང་འབྲེལ་ཡོད་ཚལ་གྱི་ཐོན་རྫས་ཀྱི་ཡོང་ཁུངས་ཟས་ཆོག་ཚལ་ཡིན་མིན་དང་སིལ་ཚོང་རྣམ་པའི་བཟའ་བཅའ་ཡིན་མིན་ཐུམ་སྒྲིལ་ཕྱི་ངོས་སུ་རྒྱུ་ཆ་དང་སྦྱོར་རྟ་ཡོངས་བསྒྲགས་གསལ་པོ་བྱེད་དགོས་པ་དང་། ལྷག་པར་དུ་སྤུས་ཚད་འགན་ལེན་དུས་ཡུན་ཚན་རིག་དང་མཐུན་ལ་ལུགས་མཐུན་ཡིན་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།