དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ལོར་རང་རྒྱལ་གྱི་སློབ་གསོའི་འགྲོ་གྲོན་མུ་མཐུད་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-10

    2022ལོར་སྒོར་དུང་ཕྱུར་ཁྲི་3.9ལས་བརྒལ་བ་དང་། 2023ལོར་སྒོར་དུང་ཕྱུར་ཁྲི་4.1ལས་བརྒལ་བ། 2024ལོར་སྒོར་དུང་ཕྱུར་ཁྲི་4.2ལས་བརྒལ་བ་སོགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་གྲོས་ཞིབ་ལ་ཕུལ་བའི་སྔོན་རྩིས་སྙན་སྒྲོན་ལས་མངོན་པར། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སློབ་གསོའི་འགྲོ་གྲོན་གྱི་གྲངས་འབོར་ལོ་རེ་བཞིན་མང་དུ་ཕྱིན་པས་མི་རྣམས་ཀྱིས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་པེ་ཅིང་དགེ་འོས་སློབ་ཆེན་རྒྱལ་ཁབ་མཐོ་རིམ་ཇུས་འདོན་ཚོགས་པའི་སློབ་གསོ་རྒྱལ་བབ་བརྟག་དཔྱད་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཀྲི་ཡུང་གིས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་པ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་ཅིག་ཏུ་གྱུར་ཡོད་ཅེས་གསུངས་པ་རེད།

    སློབ་གསོའི་འགྲོ་གྲོན་དེ་དག་ཇི་ལྟར་སྤྱོད་དགོས་སམ།

    སྔོན་རྩིས་སྙན་སྒྲོན་གཞིར་བཟུང་། འདི་ལོ་ཀྲུང་དབྱང་ནོར་སྲིད་ཀྱི་སློབ་གསོའི་འགྲོ་གྲོན་ནང་གཙོ་བོ་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་མགྱོགས་སུ་གཏོང་བ་དང་། མཐོ་རིམ་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར། སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་ལ་སྐུལ་འདེད་གཏོང་བ། སློབ་མའི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ། མཐོ་འབྲིང་དཀྱུས་མ་སྤུས་ལེགས་དང་ཁྱད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམིགས་བསལ་སློབ་གསོའི་ཀུན་ཕན་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ། ལས་རིགས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་མང་པོ་ཚུད་ཡོད།

    དེའི་ནང་རྨང་གཞིའི་སློབ་གསོའི་ཐད་བྱ་ཐབས་མང་པོ་བཀོད་སྒྲིག་བྱས་པ་སྟེ། ཐབས་ལམ་མང་པོར་བརྟེན་ནས་ཀུན་ཕན་རང་བཞིན་གྱི་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་མང་དུ་བཏང་སྟེ། སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་། ཀུན་ཕན། བདེ་འཇགས། སྤུས་ལེགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་ནོར་སྲིད་ནས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་120བཏང་སྟེ། རྫོང་ཁོངས་ཀྱི་མཐོ་འབྲིང་དཀྱུས་མའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ། སློབ་མའི་རོགས་དངུལ་དང་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར་723བཏང་སྟེ། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་གསོའི་ཁུར་པོ་ཡང་དུ་གཏོང་རྒྱུ་སོགས་ཚུད་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་ཆིང་ཧྲིན་སློབ་འབྲིང་གི་སློབ་སྤྱི་གཞོན་པ་ཝང་ཞའོ་མེ་ཡིས་གསར་འགོད་པར། ལོ་ཤས་གོང་། ཆིང་ཧྲིན་སློབ་འབྲིང་ལ་ནོར་སྲིད་ཀྱི་ཁ་གསབ་ཐོབ་ནས་སློབ་གྲྭའི་ཉལ་ཁང་གི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད། “འབྲེལ་ཡོད་མ་དངུལ་བཏང་བ་ལས་རྫོང་ཁོངས་ཀྱི་མཐོ་འབྲིང་དཀྱུས་མའི་ཞན་ཆ་གསབ་རྒྱུར་སྐུལ་འདེད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཐོན་ཁུངས་དོ་སྙོམས་ངང་བཀོད་སྒྲིག་ལ་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཧེ་བག་ཆུང་དུ་འགྲོ་རྒྱུ་རེད”ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།