མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་དང་སྲིད་གྲོས་ཀྱི་རིགས་ཁོངས་ཨུ་ཡོན་གྱི་ཚོགས་ཆུང་གིས“སྒོ་དབྱེའི་ཉིན་མོ”བསྟུད་མར་བསུས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་བསྟུད་མར་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་དང་སྲིད་གྲོས་ཀྱི་རིགས་ཁོངས་ཨུ་ཡོན་གྱི་ཚོགས་ཆུང་གིས“སྒོ་དབྱེའི་ཉིན་མོ”བསྟུད་མར་བསུས་ཤིང་། ཚེས་8ཉིན་གྱི་ཉིན་དགུང་བར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་30ཡིས“ཚོགས་པ་དང་ཚོགས་ཆུང་སྒོ་དབྱེའི”བྱེད་སྒོ་སྤེལ་བ་དང་། སྲིད་གྲོས་ཀྱི་རིགས་ཁོངས་ཨུ་ཡོན་གྱི་ཚོགས་ཆུང་27གྱི་ཚོགས་འདུ་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་དང་གསར་འགོད་པར་སྒོ་མོ་ཕྱེ་བ་རེད།
དེ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་འགྱུར་ལྟེ་གནས་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་འགྱུར་ལྟེ་གནས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བའི་གནས་ཚུལ་རེད།
ཚེས་5ཉིན་ཁྲུང་ཆིང་འཐུས་མི་ཚོགས་པས“ཚོགས་པ་དང་ཚོགས་ཆུང་སྒོ་དབྱེའི”བྱེད་སྒོ་སྔོན་ལ་སྤེལ་བར་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་ཁྱོན་200ཙམ་ཚོགས་རར་བསླེབས་པ་ལས་ཕྱི་རྒྱལ་གྱི་སྨྱན་སྦྱོར་ཚན་པ་30ཙམ་གྱི་གསར་འགོད་པ་ཚུད་ཡོད་པ་རེད། ཚེས་6ཉིན་ཉིང་ཞ་དང་། མཚོ་སྔོན། ཧྲའན་ཤིས། ཧྥུའུ་ཅན། ཀྲེ་ཅང་། ཀོང་ཤིས་བཅས་ཚུད་པའི་འཐུས་མི་ཚོགས་པ་21གིས“ཚོགས་པ་དང་ཚོགས་ཆུང་སྒོ་དབྱེའི”བྱེད་སྒོ་སྤེལ་བ་དང་། ཚེས་7ཉིན་ཧེ་ལུང་ཅང་དང་། ཅང་སུའུ། ཧུའུ་ནན། ཀོང་ཏུང་། ཤིན་ཅང་སོགས་འཐུས་མི་ཚོགས་པ་8ཀྱིས“སྒོ་དབྱེའི་ཉིན་མོ”བསུས་པ་རེད།
ཚེས་5ཉིན་གྱི་ཕྱི་དྲོ་དཔལ་འབྱོར་རིགས་ཁོངས་ཀྱི་ཚོགས་ཆུང་34པ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་རིགས་ཁོངས་ཀྱི་ཚོགས་ཆུང་21པ། ལུས་རྩལ་རིགས་ཁོངས་ཀྱི་ཚོགས་ཆུང་42པ། ཚན་རྩལ་མཐུན་ཚོགས་རིགས་ཁོངས་ཀྱི་ཚོགས་ཆུང་23པ་སོགས་སྲིད་གྲོས་ཀྱི་རིགས་ཁོངས་ཨུ་ཡོན་གྱི་ཚོགས་ཆུང་27གྱི་ཚོགས་འདུ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་སྒོ་མོ་ཕྱེ་བ་རེད།
“སྒོ་དབྱེའི་ཉིན་མོ”དེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་དང་སྲིད་གྲོས་ཨུ་ཡོན་ཚོགས་ཆུང་གི་ཚོགས་འདུ་ཀྲུང་ཕྱིའི་སྨྱན་སྦྱོར་ལ་སྒོ་མོ་ཕྱེ་བ་རེད། ཚོགས་འདུ་གྲོལ་རྗེས་འཐུས་མི་དང་ཨུ་ཡོན་ཚོས་ད་དུང་ཀྲུང་ཕྱིའི་སྨྱན་སྦྱོར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་རེད།
“ཚོགས་པ་དང་ཚོགས་ཆུང་སྒོ་དབྱེའི”བྱེད་སྒོ་སྤེལ་ཡུལ་གྱི་སྨྱན་སྦྱོར་ཁུལ་དུ་མི་ཚོགས་ཀྱིས་ཁེངས་པ་མ་ཟད། ཚོགས་འདུ་མ་འཚོག་གོང་གི་ཆུ་ཚོད་གཅིག་གི་གོང་ནས་ཀྲུང་ཕྱིའི་སྨྱན་སྦྱོར་གྱི་གསར་འགོད་པ་རྣམས་དེ་གར་འབྱོར་ཏེ་བཅར་འདྲི་བྱེད་རྒྱུའི་གྲ་སྒྲིག་ཨང་བསར་བྱས་ཡོད་པ་གསར་འགོད་པས་མཐོང་བྱུང་། ཚོགས་འདུ་མི་ཉུང་བ་ཞིག་གི་གསར་འགོད་པའི་གྲངས་འབོར་བརྒྱ་ཡན་ཟིན་ཡོད་པ་རེད།
བཅར་འདྲི་བྱེད་སྐབས་རྣམ་པ་འཁྲུག་ཆ་དོད་ལ་དྲི་བ་འདོན་མཁན་ཡང་མང་པོ་ཡོད། དྲི་བར་ལན་འདེབས་མཁན་འཐུས་མི་དང་ཨུ་ཡོན་གྱི་གྲས་སུ་ཏང་ཡོན་ལས་བྱེད་པ་ཡོད་ལ་རིགས་གཅིག་མཁས་ཅན་དང་། མཁས་དབང་། ཁེ་ལས་ཀྱི་མི་སྣ་སོགས་ཀྱང་ཡོད་པ་རེད། གསར་འགོད་པས་བཏོན་པའི་གནད་དོན་རེ་རེ་བཞིན་ལ་དམིགས་ནས་འཐུས་མི་དང་ཨུ་ཡོན་ཚོས་དྲང་གཞག་ངང་ལན་བསྐྱོན་པ་དང་ལྟ་ཚུལ་ཡང་དག་གསུངས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་འགྱུར་ལྟེ་གནས་ཀྱི་འགན་འཁུར་བས། འདི་ལོ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་། གསར་འགོད་པའི་ཚོགས་འདུ། “འཐུས་མིའི་བགྲོད་ལམ” “པུའུ་ཀྲང་གི་བགྲོད་ལམ”བཅས་ཡག་པོ་གཉེར་བ་དང་ཆབས་ཅིག་འཐུས་མི་ཚོགས་པའི“ཚོགས་པ་དང་ཚོགས་ཆུང་སྒོ་དབྱེའི”བྱེད་སྒོ་སྤེལ་ནས་ཀྲུང་ཕྱིའི་གསར་འགོད་པར་བཅར་འདྲིའི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་པ་ཡིན་ཞེས་བཤད་པ་རེད།
ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་པས། “སྒོ་དབྱེའི་ཉིན་མོའི”བྱེད་སྒོ་སྤེལ་ཡུལ་ནས་སྒོ་དབྱེ་དང་གདེང་ཚོད་ཀྱི་རྣམ་པ་ཚོར་བྱུང་། བཅར་འདྲིའི་བྱེད་སྒོ་དེ་རིགས་ལས་འཐུས་མི་དང་ཨུ་ཡོན་ཚོ་དང་སྤེལ་རེས་མཉམ་འགུལ་བྱེད་པའི་གོ་སྐབས་དེ་བས་མང་བ་ཐོབ་པ་དང། ཀྲུང་གོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་ཐུབ་སྟེ་ཀྲུང་གོར་ལྟ་ཞིབ་དང་ཀྲུང་གོ་ཤེས་རྟོགས་བྱེད་པའི་སྐར་ཁུང་ཞིག་ཏུ་གྱུར་ཡོད་ཅེས་བཤད།