ལྷག་ཆུང་གིས་གསུངས་དོན།
རང་བྱུང་སྐྱེ་ཁམས་ཀྱི་མཛེས་སྡུག་སྲུང་སྐྱོང་བྱེད་དགོས།
འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷག་ཆུང་ཡིན་པ།
“མཐོ་སློབ་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་ལ། དུས་ཡུན་རིང་པོར་སྐྱེ་ཁམས་རིག་པར་ཞིབ་འཇུག་གནང་མཁན་ཚན་རྩལ་ལས་དོན་པ་ཞིག་ཀྱང་ཡིན་པའི་ངའི་ལས་ཀ་མཐོ་སློབ་ཀྱི་སྐྱེ་ཁམས་རིག་པའི་རིག་ཚན་འཛུགས་སྐྱོང་དང་། ཤེས་ལྡན་པ་གསོ་སྐྱོང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་དང་ཁ་འབྲལ་ཐབས་མེད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ། འབུམ་རམས་པའི་སློབ་དཔོན་བཅས་ཡིན་པའི་ལྷག་ཆུང་གིས་འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་གཏམ་བཤད་གནང་སྐབས་དེ་ལྟར་གསུངས་ཡོད།
“ན་ནིང་ནས་བཟུང་། གདན་ཞུས་ལྟར་ང་རང་བརྟག་ཞིབ་དང་རྟོག་ཞིབ་ཀྱི་བྱེད་སྒོ་མང་པོར་ཞུགས་པ་ཡིན”ཞེས་རང་ཉིད་ཀྱི་ལས་འགན་བསྒྲུབས་ཚུལ་སྐོར་གླེང་སྐབས་ལྷག་ཆུང་གིས་ཞིབ་ཅིང་ཕྲ་བ་གསར་འགོད་པར་གསུངས་ཤིང་། ཁོང་གིས“2023ལོའི་ཟླ་དྲུག་པར་ངས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ཚོགས་ཆུང་དང་མཉམ་དུ་ཧྲན་ཏུང་ལ་རྟོག་ཞིབ་ཏུ་བསྐྱོད་པ་ཡིན། རྨ་ཆུའི་ཟུར་གསུམ་གླིང་ཁུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཟབ་མོ་ཞིག་མངོན་པས་ངའི་མཐོང་རྒྱ་སྔར་བས་ཆེ་རུ་ཕྱིན་སོང་ལ། གོམ་སྟབས་རྗེས་མར་མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་རྒྱུས་མངའ་ལོན་ཚད་སྔར་བས་ཆེ་རུ་ཕྱིན་སོང”ཞེས་གསུངས།
རྟོག་ཞིབ་བརྟག་ཞིབ་དང་། ཚོགས་ཞུགས་གཏམ་བཤད། གྲོས་འགོ་འདོན་པ་སོགས་ཀྱི་འགན་འཁྲི་སྒྲུབ་རིང་། ལྷག་ཆུང་གིས་ཐོག་མཐའ་བར་གསུམ་དུ་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་གཞག་ལ་དོ་ཁུར་གནང་སྟེ་ཞིབ་འཇུག་གི་ཁ་ཕྱོགས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་སློབ་གྲྭ་ཆེན་མོ་བར་སྐྱེ་ཁམས་རིག་པའི་རིག་ཚན་འཛུགས་པའི་ཐད་གཞིས་ཚུགས་ཡོད།
ལྷག་ཆུང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤྱིའི་ཁྱད་ཆོས་ནི། སྐྱེ་ཁམས་མ་ལག་གི་རང་བྱུང་རྣམ་པ་ཉར་ཚགས་ཡག་པོ་བྱུང་ནས་ཆེས་དྭངས་གཙང་གི་ཆུ་དང་མཁའ་རླུང་དེ་བཞིན་སྔོ་ཞིང་བསངས་བའི་ནམ་མཁའ་ཡོད་པ་དེ་ཡིན། འོན་ཀྱང་དེ་དང་ཆབས་ཅིག་ས་མཐོའི་སྐྱེ་ཁམས་མ་ལག་ཉམས་ཉེན་ཆེ་བ་དང་། སྐྱེ་ཁམས་མ་ལག་གི་གྲུབ་ཆ་དང་བྱེད་ནུས་བལྟོས་བཅས་ཀྱིས་ཞན་པས། ཕྱིའི་གནོད་པ་འགོག་ནུས་དང་སླར་གསོ་བྱེད་ནུས་ཧ་ཅང་སྐྱོ་པོ་ཡིན་པའི་ངོས་འཛིན་གནང་གི་ཡོད།
དེར་བརྟེན། ལྷག་ཆུང་གིས་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས། ནགས་ཚལ་དང་། རྩྭ་ཐང་། ཆུ་བོ་དང་མཚོ། འདམ་ར། བྱེ་ཐང་སོགས་ས་མཐོའི་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། ལྷན་སྐྱེས་རང་བཞིན། བརྟན་པའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་ཉར་ཚགས་ཆ་ཚང་ཤོས་དང་། རང་བྱུང་གི་རྣམ་པ་ཡག་ཤོས་ཀྱི་ས་མཐོའི་སྐྱེ་ཁམས་མ་ལག་འཛུགས་པ་ནི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན་ཞེས་གསུངས་པ་རེད།