མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
—— རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་གནང་བ།
སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས་ཐཱན་རྒྱུ་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་དགོས་ཞེས་བསྟན་ཡོད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནན་ཏན་ངང་གསན་རྗེས། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི”འདུ་ཤེས་སྔར་བས་བརྟན་པོ་བཙུགས་ཁར། སེམས་ནུས་གཅིག་སྒྲིལ་དང་འགག་སྒྲོལ་ཧུར་ཐག་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་ཆུ་ཁྲི་རི་སྟོང་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པར་བོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།
“2023ལོའི་ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་སྐོར་གྱི་དགོངས་པ་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ཏེ། ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་བ་དང་བོད་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྐྲུན་མགྱོགས་སུ་བཏང་ཡོད” རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲེ་ཀྲང་བཅས་ཡིན་པའི་ལུའོ་ཆིང་ཝུའུ་ཡིས། ཆབ་མདོ་གྲོང་ཁྱེར་གྱིས་སྦགས་བཙོག་འགོག་བཅོས་ཐད་གྲོང་ཁུལ་གྱི་འཚོ་བའི་གད་སྙིགས་གཙང་འཕྱག་དང་བཙོག་ཆུ་གཙང་བསིང་གི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། རྫོང(ཆུས)11ཏུ་བཙོག་ཆུ་གཙང་བསིང་སྒྲིག་བཀོད་ཡོངས་ལ་ཁྱབ་པ། གྲོང་ཁྱེར་ཡོངས་ཀྱི་གད་སྙིགས་གཙང་འཕྱག་བྱེད་ཚད་99.57%ཟིན་པ། ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་100%རྒྱུན་འཁྱོངས་ཐུབ་ཡོད།
ལྷག་དོན་དུ་སྐྱེ་ཁམས་དམངས་ཕྱུག་ལས་དོན་ལ་སྐུལ་འདེད་གཏོང་རིང་ཆབ་མདོས་རིམ་འདས་ཚོང་ར་དང་མཛེས་ལྗོངས་ཁུལ་སོགས་གཙོ་གནད་ཁུལ་དང་རྒྱལ་ལམ་318རྒྱུད་ཀྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། “སྐྱེ་ཁམས་+ཡུལ་སྐོར”གྱི་ཁྱད་ལྡན་གྲོང་གསེབ་ཁག་གཅིག་གཏོད་པ། ནགས་ཁྲོད་ཐོན་ཁུངས“ཉོ་ཚོང”མཉམ་ལས་ཁང་ཁག་གཅིག་སྐྱེད་སྲིང་བྱེད་པ། ས་གནས་དེ་གའི་སྡོང་ཕྲུག་གཉེར་སྐྱོང་དུད་ཆེན་ཁག་གཅིག་ལ་རོགས་སྐྱོར་བཅས་བྱས་ཏེ། མང་ཚོགས་དེ་བས་མང་བ་སྐྱེ་ཁམས་ལས་རིགས་སུ་ཞུགས་པ་དང་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་ཐུབ་པ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་གི་རིམ་པ་དང་པོའི་ཁྲིམས་དཔོན་པད་མ་གཡུ་སྒྲོན་གྱིས“སྔོན་ཆད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་མོ་མེད་པས། རི་དྭགས་རྔོན་པ་དང་ས་ཞིང་རྨོ་བ་མདུན་ལམ་ཞིག་ཡིན་པའི་ངོས་འཛིན་གྱི་ཡོད། ཉེ་བའི་ལོ་ཤས་རིང་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་པས། ཚང་མའི་བསམ་བློ་གཏོང་སྟངས་དང་འདུ་ཤེས་འཛིན་སྟངས་ལ་འགྱུར་ལྡོག་ཕྱིན་ཏེ། སྔོན་མ‘ཤིང་གཅོད་མཁན’ནས་ད་ཆ‘ཤིང་སྲུང་མཁན’ལ་གྱུར་ཡོད་དཔེར་ན། མི་མང་པོ་ཞིག་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་དང་། ནགས་ཚལ་སྲུང་སྐྱོང་བྱེད་མཁན། ས་གཤིས་ལྟ་ཞིབ་ཚད་ལེན་བྱེད་མཁན་སོགས་ལ་གྱུར་ཡོད། དེ་ལས་ཁོར་ཡུག་སྲུང་སྐྱོང་དང་སྲིད་གཞུང་གི་ཁ་གསབ་ཀྱང་ལེན་རྒྱུ་བྱུང”ཞེས་གསུངས་པ་རེད།
བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཟླ་བ་དོན་གྲུབ་ཀྱིས་གསར་འགོད་པར“ཉེ་བའི་ལོ་ཤས་རིང་ངས་དོ་སྣང་ཆེ་ཤོས་བྱེད་ས་ནི་ཇི་ལྟར་བྱས་ཏེ་ས་མཐོའི་འབྲུ་རིགས་ཐོན་སྐྱེད་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་མིན་དེ་ཡིན”ཞེས་གསུངས་པ་རེད། དེས་ན་ཟླ་བ་དོན་གྲུབ་ཀྱིས་ཟླ་བ་རེར་ཚོད་ལྟའི་ཞིང་ཁར་ཐེངས་གཉིས་གསུམ་བསྐྱོད་ཁར། ཚོགས་པའི་སྣེ་ཁྲིད་དེ་དགུན་ནས་ཀྱི་སོན་བདམས་ནས་སོན་བཟང་གི་གྲང་འགོག་རང་བཞིན་འཚོལ་ཞིབ་གནང་ཡོད།
ཁོང་གིས“ལས་སྣོན་གསོ་སྤེལ་ལ་བརྟེན་ནས་འདི་ལོ་ང་ཚོས་དགུན་ནས་ཀྱི་རྒྱུ་ཆ་གསར་པ་15འདེམས་སྒྲུག་བརྒྱབ་པ་ཡིན། དེ་ལས་དགུན་ནས—གཟན་རྩྭ་བསྐྱར་འདེབས་བྱེད་སྟངས་སྤྱད་ན་ལོ་གཅིག་ལ་སྟོན་ཐོག་ཐེངས་གཉིས་སྨིན་ནས་ས་ཞིང་དང་དབྱར་མཇུག་སྟོན་འགོའི་ཆུ་དྲོད་ཐོན་ཁུངས་ཀྱི་སྤྱོད་གོ་ཆེ་རུ་གཏོང་ཐུབ།
གལ་སྲིད་བསྐྱར་འདེབས་བྱེད་རྒྱ་ཆེ་རུ་བཏང་ན་ས་མཐོའི་ས་ཞིང་སྤྱོད་ཚད་མཐོ་རུ་དང་། ནས་མུའུ་རེའི་ཐོན་འབབ་མཐོ་རུ། ཞིང་ཁུལ་དུ་གཟན་རྩྭ་དཀོན་པའི་གནད་དོན་ཞི་ལྷོད་དུ་གཏོང་ཐུབ་པ་མ་ཟད། ད་དུང་སྲན་རིགས་ཀྱི་གཟན་རྩྭ་བསྐྱར་འདེབས་ལ་ལྡན་པའི་སྐྱེ་དངོས་ཀྱི་ཏན་འཇགས་ནུས་པ་འདོན་སྤེལ་ཐུབ་སྟེ། རྨོ་ཞིང་གི་སྤུས་ཚད་མཐོ་རུ་སོང་ནས་དགུན་དུས་སུ་སྔོ་རྩྭ་ཁེབས་ཁྱོན་ཆེ་རུ་དང་། བྱེ་རླུང་ལྡང་ཚད་དང་ས་ཆུ་ཤོར་ཚབས་ཆུང་བ། ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ནུས་ལྡན་འགྲོ་གྱི་རེད”ཞེས་གསུངས་པ་རེད།