དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། དུས་མཚམས་ཤིག་རིང་ཨ་རིའི་ཁེ་ལས་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་རའི་འཕེལ་རྒྱས་ཀྱི་གོ་སྐབས་ལ་ལྟ་སྟངས་ཡག་པོ་འཛིན་ཏེ། ཀྲུང་གོར་མ་རྩ་འཇོག་མང་དུ་བཏང་བ་དང་། ཨ་རི་ཚུད་པའི་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་དང་ཁེ་སྤོགས་མཉམ་སྤྱོད་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཉིན་ཤས་གོང་ཨ་རིའི་ཚོང་ཚོགས་ཀྱི་ཚོགས་གཙོ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཁེ་ལ་ཁེས་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲི་བྱས་ཡོད། ཁོང་གིས་གཏམ་བཤད་བྱེད་རིང་ཀྲུང་གོ་ནི་ཨ་རིའི་ཁེ་ལས་ཀྱིས་མཐོང་ཆེན་པོ་བྱེད་པའི་ཁྲོམ་ར་ཞིག་རེད། ཨ་རིའི་ཚོང་ཚོགས་ཀྱིས་ཨ་རིའི་ཁེ་ལས་ཀྲུང་གོར་ལས་གཉེར་འཕེལ་རྒྱས་གཏོང་བར་མུ་མཐུད་རྒྱབ་སྐྱོར་བྱས་ནས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བ་དང་གཉིས་ཁེ་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ཡོད་ཅེས་ནན་བཤད་ཐེངས་མང་བྱས་ཡོད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    མའོ་ཉིང་གིས། དུས་སྐབས་ཤིག་རིང་། ཨ་རིའི་ཁེ་ལས་ཚུད་པའི་རྒྱལ་ཁབ་ཁག་གི་མ་འཇོག་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་རའི་འཕེལ་རྒྱས་ཀྱི་གོ་སྐབས་ལ་ལྟ་སྟངས་ཡག་པོ་འཛིན་ནས་ཀྲུང་གོར་མ་རྩ་འཇོག་མང་དུ་བཏང་ཡོད། ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། 2023ལོར་ཀྲུང་གོས་དངོས་སུ་སྤྱད་པའི་ཕྱི་དངུལ་སྒོར་དུང་ཕྱུར་ཁྲི་1.1ལྷག་ཙམ་ཟིན་པ་དང་གཞི་ཁྱོན་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་བརྟན་པོར་གནས་ཡོད། འདི་ལོའི་ཟླ་དང་པོར། ཀྲུང་གོར་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཁེ་ལས་4588གསར་དུ་བཙུགས་པ་དེ་དུས་མཚུངས་ལས་74.4%འཕར་ཡོད། ལས་རིགས་ཐད་ནས་བལྟས་ཚེ། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད་40.6%འཕར་བ་དང་། རྒྱལ་སྒྲོལ་ཁེ་ལས་དེ་བས་མང་བས་ཀྲུང་གོར་ཞིབ་འཇུག་གསར་སྤེལ་ལྟེ་གནས་འཛུགས་རྒྱུའི་གདམ་ག་བྱེད་ཀྱི་ཡོད་པས། ཕྱི་རྒྱལ་གྱི་ཚོང་པས་ཀྲུང་གོར་མ་རྩ་འཇོག་པའི་གྲུབ་ཆ་མུ་མཐུད་ལེགས་སུ་ཕྱིན་ཡོད། རྒྱལ་ཁབ་མི་འདྲ་བའི་ཐད་ནས་བལྟས་ཚེ། དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་ཁག་གཅིག་གིས་ཀྲུང་གོར་མ་རྩ་འཇོག་ཚད་ཅུང་མགྱོགས་པོ་འཕར་ཡོད། དེའི་ནང་ཧྥ་རན་སེ་དང་སུའེ་ཏེན་གྱི་འཕར་ཚད་ལྡབ་25དང་ལྡབ་11སོ་སོར་ཟིན་པ་དང་། འཇར་མན་དང་། ཨོ་སི་ཁྲུ་ལི་ཡ། སིང་ཀ་ཕོར་བཅས་ཀྱིས་ཀྲུང་གོར་དངོས་སུ་མ་རྩ་འཇོག་ཚད་211.8%དང་། 186.1% 77.1%བཅས་སོ་སོར་འཕར་ཡོད་ཅེས་བརྗོད།

    “ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་ཀྱིས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་བཏོད་དེ་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོར་མ་རྩ་འཇོག་པ་དང་བྱ་གཞག་གཏོད་པར་རྒྱབ་སྐྱོར་དང་སྟབས་བདེ་དེ་བས་མང་བ་བསྐྲུན་ཡོད། ཨ་རི་ཚུད་པའི་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་དང་ཁེ་སྤོགས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་གི་ཡིན”ཞེས་མའོ་ཉིང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།