བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཟླ་བ་དོན་གྲུབ་ཀྱིས“ཨུ་ཡོན་གྱི་བགྲོད་ལམ”ཐོག་ཕེབས་དུས་གསུངས་དོན།
“ས་མཐོའི་ཞིང་ལས་འཕེལ་རྒྱས་གཏོང་བར་ནས་དང་ཁ་འབྲལ་ཐབས་མེད”
ཟླ་3ཚེས་7ཉིན་གྱི་ཆུ་ཚོད་8པར། མི་དམངས་ཚོགས་ཁང་ཆེ་མོའི་ཀྲུང་དབྱང་ཚོམས་ཆེན་གྱི་བྱང་ངོས་སུ་མི་ཚོགས་ཀྱིས་ཁེངས་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི“ཨུ་ཡོན་གྱི་བགྲོད་ལམ”ཐེངས་གཉིས་པར་གཅིག་སྡུད་བཅར་འདྲིའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད།
འདི་ལོའི“ཨུ་ཡོན་གྱི་བགྲོད་ལམ”ཐོག་བསྐྱོད་མཁན་གཅིག་པུ་ཡིན་པའི་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཟླ་བ་དོན་གྲུབ་ཀྱིས་ལོ་15ཡི་རིང་ནས་ལ་ཞིབ་འཇུག་བྱས་པ་བརྒྱུད། གྲངས་གཞི་ངོ་མར་བརྟེན་ནས་མཚོ་བོད་ས་མཐོར་གཞི་ཚུགས་པའི་ཞིང་ལས་ཚན་རྩལ་ལས་དོན་པ་མི་རབས་ནས་མི་རབས་ཀྱིས་ཇི་ལྟར་བྱས་ཏེ་འགག་སྒྲོལ་དཀའ་སེལ་གྱིས་ནས་ཀྱི་ཐོན་ཚད་དེ་བས་མང་བ་དང་ཕྱོགས་བསྡུས་ཕན་འབྲས་དེ་བས་ལེགས་པ་ཡོང་བ་བྱེད་ལུགས་གླེང་གནང་བ་རེད།
“ས་མཐོའི་ཞིང་ལས་འཕེལ་རྒྱས་གཏོང་བར་ནས་དང་ཁ་འབྲལ་ཐབས་མེད”ཟླ་བ་དོན་གྲུབ་ཀྱིས་བོད་དུ་ནས་ནི་འབྲུ་རིགས་གཙོ་བོ་ཡིན་ཞིང་། དེས་རྩམ་པ་འཐག་པ་དང་ནས་ཆང་བསྙལ་བ་སོགས་བྱེད་ཀྱི་ཡོད་ཅེས་མདོར་བསྟན་པ་རེད། ཉེ་བའི་ལོ་ཤས་རིང་ཟླ་བ་དོན་གྲུབ་ཚོགས་པས་དགུན་ནས་ལེགས་སྒྱུར་བྱས་ཏེ་བོད་ཀྱི་འདེབས་འཛུགས་གྲུབ་ཆ་ལེགས་སུ་གཏོང་བར་ཞིབ་འཇུག་བྱས་ནས་ཐོན་འབབ་འགན་ལེན་བྱེད་པ་དང་ཆབས་ཅིག ས་ཆ་བེད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པར་གཞོལ་ཡོད།
འདི་ལོ་བོད་ཀྱི་ལྗོངས་ཡོངས་སུ་བསྐྱར་འདེབས་རྒྱ་ཁྱོན་མུའུ་ཁྲི་18ཡན་ཟིན་པ་དང་། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས་ཆུ་ལུད་གཞི་གཅིག་ཅན་གྱི་དེང་རབས་ཅན་གྱི་ཞིང་ལས་ཚོད་ལྟ་ལེགས་སྒྲུབ་བྱས་ཏེ་ས་བབ་མཐོ་བའི་ཁུལ་གྱི་དགུན་ནས་ཐོན་སྐྱེད་བྱེད་སྟངས་འཚོལ་ཞིབ་བྱེད་བཞིན་ཡོད། ཟླ་བ་དོན་གྲུབ་ཀྱིས། དགུན་སྒྲོལ་ནས་ཀྱི་སྣ་ཁ་ཞིབ་འཇུག་དང་འདེབས་གསོ་བྱེད་པ་ནས་འདེབས་འཛུགས་ཀྱི་གོམས་གཤིས་ལ་འགྱུར་ལྡོག་གཏོང་བའི་བརྒྱུད་རིམ་ནི་ལས་སླ་པོ་ཞིག་གཏན་ནས་མ་ཡིན། ཏང་གི་འགོ་ཁྲིད་འོག་སྲིད་ཇུས་ཀྱི་ཁྲིད་སྟོན་ནུས་ལྡན་ཡོད་པ་དང་། མང་ཚོགས་དེའི་ནང་ཞུགས་ནས་རྒྱབ་སྐྱོར་བྱེད་པ། རྒྱ་ཆེའི་ཞིང་ལས་ཚན་རྩལ་པས་འབད་བརྩོན་ལྷོད་མེད་བཅས་བྱས་ཡོད་ཅེས་གསུངས་པ་རེད།
“ངའི་སློབ་དཔོན་དམ་པ‘ཀྲུང་གོའི་ནས་ཀྱི་ཕ’རྒན་ཉི་མ་བཀྲ་ཤིས་ལགས་ཀྱིས་ང་ཚོའི་རྩ་བ་མཚོ་བོད་ས་མཐོར་ཡོད་མོད། འོན་ཀྱང་སེམས་ནང་ཀྲུང་གོ་ཧྲིལ་པོ་འཇོག་དགོས་ཞེས་གསུངས་མྱོང་ཡོད། ཟླ་བ་གསུམ་བཞི་ཙམ་སོང་རྗེས་དགུན་ནས་སྨིན་གྱི་ཡོད་པས་སྐབས་དེ་དུས་གསེར་མདོག་གི་སྙེ་མ་དག་ཉི་འོད་འོག་གཞན་དང་མི་འདྲ་བའི་བཀྲག་མདངས་འཚེར་ནས་མི་རྣམས་སེམས་འགུལ་ཐེབས་ངེས་རེད། ང་ཚོ་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་ཚེ་མེས་རྒྱལ་གྱི་མཐའ་མཚམས་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་ཐུབ་ངེས་རེད”ཅེས་ཟླ་བ་དོན་གྲུབ་ཀྱིས་གདེང་ཚོད་ཀྱིས་ཁེངས་བཞིན་དུ་དེ་ལྟར་གསུངས་པ་རེད།