འཐུས་མིས་རང་ཉིད་ཀྱི་བརྒྱུད་མྱོང་བའི་གཏམ་རྒྱུད་གླེང་ནས་དོན་དངོས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་མངོན་པར་བྱས་པ།
“སྔོན་མ་ང་ཚོ་ཉིང་ཁྲིར་ཐེངས་གཅིག་སྐྱོད་པར་གཟའ་འཁོར་གཅིག་འགོར་གྱི་ཡོད། ད་ཆ་མེ་ཏོག་ནས་ལྷ་ས་བར་ཉིན་གཅིག་ལས་འགོར་གྱི་མེད”
“བོད་དུ་ནད་ཐོན་མང་ཤོས་ནི་ཐུམ་འབུའི་ནད་དང་། གྲུམ་བུ་ཚིགས་ཆེན་གྱི་ནད། ལྷན་སྐྱེས་སྙིང་ནད། སྐྱ་གྲིབ་བཅས་ཡིན། ད་ཆ་ཚང་མ་བཅོས་ཐུབ་ཀྱི་ཡོད”
ཟླ་3ཚེས་6ཉིན་གྱི་ཕྱི་དྲོར། མི་དམངས་ཚོགས་ཁང་ཆེ་མོའི་བོད་ལྗོངས་ཚོམས་ཆེན་དུ་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་པ་དང་ཚོགས་ཆུང་སྒོ་དབྱེའི་ཚོགས་འདུར། ཀྲུང་གོའི་གསར་འགོད་པ་དང་ཕྱི་རྒྱལ་གྱི་གསར་འགོད་པས་བཏོན་པའི་དྲི་བར་བོད་ཀྱི་གཞི་རིམ་ནས་ཕེབས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་གིས་རང་ཉིད་ཀྱིས་དངོས་སུ་བརྒྱུད་མྱོང་བའི་གཏམ་རྒྱུད་གླེང་ནས། འཛམ་གླིང་ལ་དེང་གི་བོད་ལྗོངས་ཀྱི་དོན་དངོས་དང་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མངོན་པར་བྱས་ཡོད།
བོད་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་ཚུལ་སྐོར་འདྲི་སྐབས། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་མེ་ཏོག་གྲོང་ཚོའི་འཐུས་མི་ནོར་བུ་གཡང་འཛོམས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།
ནོར་བུ་གཡང་འཛོམས་ཀྱིས་ད་ཆ་མེ་ཏོག་རྫོང་དུ་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་10ཕྱིན་པ་དང་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་45ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཡོད། “གྲོང་གསེབ་ཀྱི་ལམ་ཡག་པོ་བཞི”ཁྱིམ་གྱི་སྒོ་རྩར་བཟོས་ཡོད་པ་དང་རྒྱལ་ལམ་G219ཡི་ལམ་ཐིག་ཀྱང་མགྱོགས་མྱུར་སྐྲུན་བཞིན་ཡོད། “གལ་ཏེ་ཞོགས་པ་སྔ་པོ་གནམ་གྲུ་བསྡད་དེ་པེ་ཅིང་ནས་ཐོན་ན་དགོང་མོ་མེ་ཏོག་ཏུ་འབྱོར་ནས་རྡོ་ཁོག་བྱ་ཤ་ཚ་པོ་ཞིག་ཟ་ཐུབ”ཅེས་གསུངས་པ་རེད།
བོད་ལ་བྱུང་བའི་འཕེལ་རྒྱས་དང་འགྱུར་ལྡོག་ནི་ཀྲུང་དབྱང་ནས་ས་གནས་བར་གྱིས་རྒྱུན་ཆད་མེད་པར་མ་དངུལ་བཏང་ནས་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་ནུས་ལྡན་བྱས་པ་ལས་བྱུང་བ་ཞིག་རེད།
ཞིང་འབྲོག་པའི་དམངས་འཚོ་ལེགས་གཏོང་གི་འབྲེལ་ཡོད་གནད་དོན་ལ་ལན་བསྐྱོན་སྐབས་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་བྱ་མང་ཤང་ཕོ་རོང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཐུས་མི་འཆི་བདེ་ཡིས“དབུགས་རྡིག”གི་གཏམ་རྒྱུད་གསུངས་པ་རེད།
ཁོང་གིས་གསར་འགོད་པར་བོད་དུ་ཁ་ལག་བཟོ་སྐབས་དབུགས་རྡིག་དང་ཁ་བྲལ་ཐབས་མེད། འོན་ཀྱང་སྔོན་མའི་དབུགས་རྡིག་གི་བྱེད་ནུས་ཉུང་ཞིང་སྤྱོད་བདེ་པོ་མེད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ། ལག་རྩལ་གྱི་དཀའ་གནད་འགག་སྒྲོལ་བྱས་ནས་ས་མཐོའི་མང་ཚོགས་ལ་འཚམ་པའི་དབུགས་རྡིག་གསར་པ་ཆེད་མངགས་ཞིབ་བཟོ་བྱས་ཡོད་ཅེས་གསུངས་པ་རེད།
“ས་མཐོའི་ནུས་མང་གི་དབུགས་རྡིག་གསར་པ་དེས་འབྲོག་པ་མང་པོ་ཞིག་གི་གཡོས་སྦྱོར་གྱི་དཀའ་གནད་བསལ་ཡོད། ད་ཆ་གྲོང་ཚོའི་ནང་ཚང་མས་དབུགས་རྡིག་གསར་པ་སྤྱོད་ཀྱི་ཡོད། དེས་མ་ཚད་རང་སྐྱོང་ལྗོངས་ཀྱིས་སླར་ཡང་ས་མཐོའི་རླངས་བཙོས་སྒམ་དང་ས་མཐོའི་ཧུའུ་སོགས་ཞིབ་བཟོ་བྱེད་པར་སྐུལ་འདེད་བཏང་བས་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད”ཅེས་ཁོང་གིས་གསུངས།
2023ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2392.67ཟིན་ནས་9.5%འཕར་བ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་6ལས་བརྒལ་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.5%དང་9.4%སོ་སོར་འཕར་ཡོད་པ་རེད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་7ཉིན་འབྱོར་བའི་གློག་འཕྲིན)