དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ལ་མུ་མཐུད་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-09

    ཚེས་7ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པས་མུ་མཐུད་ཚོགས་ཆུང་གྲོས་བསྡུར་གནང་ཞིང་། རིགས་ཁོངས་ཁག་གཅིག་གིས་རིགས་ཁོངས་ཀྱི་གྲོས་མོལ་ཚོགས་འདུ་འཚོགས་ཏེ་རིགས་ཁོངས་ཁག་གི་ཚོགས་ཆུང་གིས་དོ་ཁུར་བྱེད་པ་དང་གླེང་མང་བའི་གནད་དོན་ལ་དམིགས་ནས་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་གྲོས་མོལ་དང་གཏམ་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྡོ་རྗེ་ཚེ་སྒྲུབ། བཀྲ་ཤིས་ཟླ་བ། ངག་དབང་། ཞུས་ཅན་ཅུན་སོགས་ཨུ་ཡོན་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་སོ་སོར་ཞུགས་པ་རེད།

    ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཡིན་པའི་འབྲི་གུང་ཆུང་ཚང་བློ་བཟང་བྱམས་པས་གསུང་བཤད་གནང་ཞིང་། ཁོང་གིས“ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་མི་སྣའི་མིག་དཔེའི་ནུས་པ་བཏོན་ནས་རང་རྟོགས་ངང་སྒྲོག་འགྲེལ་དང་།རང་གི་མཐོང་ཆོས་མྱོང་གསུམ་བཤད་དེ་རྒྱ་ཆེའི་གྲྭ་བཙུན་གྱི་རང་འགུལ་ངང་ཞུགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྦྲགས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཕན་འབྲས་དངོས་ལ་གཙིགས་ཆེན་བྱས་ཏེ་དགོན་སྡེ་དོ་དམ་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས”ཞེས་གསུངས། དེ་དང་ཆབས་ཅིག“འདུ་ཤེས་གསུམ”གྱི་སློབ་གསོར་སྔར་བས་སྐུལ་འདེད་ཡག་པོ་ཇི་ལྟར་གཏོང་བའི་སྐོར་ལ་ཁོང་གིས་གཞི་རྟེན་གསར་གཏོད་དང་རྣམ་པ་ཕུན་སུམ་ཚོགས་སུ་བཏང་སྟེ་གོ་བདེ་ཤེས་སླའི་སྐད་ཆ་དང་། ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་ཐོག་ནས་གྲྭ་བཙུན་དང་མང་ཚོགས་ལ“འདུ་ཤེས་གསུམ”གྱི་ལྟེ་བའི་འདུ་ཤེས་བརྒྱུད་སྤྲོད་བྱས་ནས་རིམ་པས་གོང་འཕེལ་དང་། རིམ་བཞིན་གཏིང་ཟབ་ཏུ་གཏོང་བའི་རྩ་དོན་མཐའ་འཁྱོངས་ཀྱིས་སློབ་གསོའི་བྱེད་སྒོ་དོན་འཁྱོལ་གནད་སྨིན་ཡོང་བའི་འགན་ལེན་བྱེད་དགོས་པའི་གྲོས་འགོ་བཏོན་གནང་ཡོད།

    ཨུ་ཡོན་ཧྭ་ཏེ་སྨིས་གཏམ་བཤད་གནང་སྐབས“སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་གཙོ་གནད་ཐོག་མུ་མཐུད་ཡག་པོ་སྒྲུབ་དགོས་པ་བསྟན་ཡོད། དེས་རང་ཉིད་དང་འདྲ་བའི་རིམས་ནད་བརྟག་དཔྱད་སྨན་བཅོས་ཀྱི་ནད་ཐོག་སྨན་པའི་ལས་ཀའི་ཁ་ཕྱོགས་གསལ་པོ་བྱུང་ནས་ལས་ཀའི་ངར་ཤུགས་ཆེས་ཆེར་འཕེལ་སོང་། སླད་ཕྱིན་ངས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་གཞི་རིམ་གྱི་ལས་ཀའི་ཉམས་མྱོང་དང་ཟུང་འབྲེལ་གང་ལེགས་དང་ཆེད་ལས་ཀྱི་ལེགས་ཆ་བཏོན་ཏེ་འཕྲོད་བསྟེན་བདེ་ཐང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བའི་དམིགས་ཚད་ལ་དམིགས་ནས་བདེ་ཐང་བོད་ལྗོངས་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཏེ་མི་དམངས་མང་ཚོགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐོབ་སྣང་དང་། བློ་ཡིད་ཚིམ་ཚད། བདེ་སྣང་བཅས་ཆེ་རུ་གཏོང་བར་ཐབས་འདོན་ཇུས་འབུལ་དང་འགན་འཁྲི་གཙང་སྒྲུབ་ཧུར་ཐག་བྱེད་ཀྱི་ཡིན”ཞེས་གསུངས།

    ཨུ་ཡོན་སྒྲོལ་དཀར་གྱིས་གཏམ་བཤད་གནང་སྐབས“སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། གཞུང་ཁོངས་ཁེ་ལས་དང་། དམངས་གཉེར་ཁེ་ལས། ཕྱི་རྒྱལ་གྱི་མ་རྩ་མཉམ་འཇོག་ཁེ་ལས་བཅས་ཚང་མ་ནི་དེང་རབས་ཅན་འཛུགས་སྐྲུན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་། ‘གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས’ཀྱི་སྒྲིག་སྲོལ་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས་དབང་བའི་ལམ་ལུགས་ཀྱི་ཁེ་ལས་སྣ་ཚོགས་ལ་དྲང་གཞག་འགྲན་རྩོད་དང་གཅིག་ལ་གཅིག་འགྲན་གྱིས་འཕེལ་རྒྱས་གཏོང་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ལུགས་བསྟན་ཡོད། དེས་ང་ཚོ་དམངས་གཉེར་ཁེ་ལས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ཁེ་ལས་བསྐྲུན་པའི་གདེང་ཚོད་ཆེ་རུ་ཕྱིན་སོང་ལ། དམངས་གཉེར་ཁེ་ལས་མཁས་པས་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་གང་ལེགས་བཏོན་ནས་དུས་རབས་ཀྱི་འབོད་སྐུལ་དང་ལེན་ཞུས་ཏེ་འཕེལ་རྒྱས་གཏོང་བའི་ལག་ལེན་པ་དང་དུས་རབས་གསར་པའི་ལེགས་སྐྱེས་འབུལ་མཁན་ཞིག་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད‘དམངས་གཉེར་ཁེ་ལས་ཀྱི་སྟོབས་ཤུགས’དེ་བས་བརྟན་པོ་ཞིག་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་གསུངས།

    གྲོས་བསྡུར་གནང་རིང་། ཨུ་ཡོན་ཚོས་རིགས་ཁོངས་ཀྱི་མཚོན་བྱེད་རང་བཞིན་དང་། ཁྱབ་ཁོངས་ཀྱི་གཏིང་ཟབ་རང་བཞིན། ལས་རིགས་ཀྱི་ཆེད་ལས་རང་བཞིན་བཅས་གང་ལེགས་མངོན་པར་བྱས་ཤིང་། ཚང་མས་སྲིད་གྲོས་རིགས་ཁོངས་ཀྱི་སྟོབས་ཤུགས་དང་། ཨུ་ཡོན་གྱི་ཆེད་ལས་ཀྱི་ལེགས་ཆ་སྔར་བས་ལེགས་པ་བཏོན་ཏེ་བདེན་གཏམ་ཤོད་པ་དང་། ཇུས་བཟང་འདོན་པ། ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྒོ་ནས་སྲིད་གྲོས་མི་སྣའི་བློ་གྲོས་དང་འགན་འཁྲི་མངོན་པར་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།