ཨུ་ཡོན་ཚུའེ་ལི་ཅོན་གྱིས་གསུངས་དོན།
སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུང་གོ་ནགས་ལས་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཚུའེ་ལི་ཅོན་གྱིས“སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་བཏང་ཚེ་སྐྱེ་ཁམས་མ་ལག་གི་སྲ་ཐཱན་འཕེལ་བསྡུས་ནུས་པ་ཆེ་རུ་ནུས་ལྡན་གཏོང་བ་དང་སྐྱེ་ཁམས་ཐོན་རྫས་སྤུས་དག་མཁོ་སྤྲོད་འགན་ལེན་ཐུབ་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བསྐྲུན་པར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་གསུངས།
ཚུའེ་ལི་ཅོན་གྱིས་སྐྱེ་ཁམས་མ་ལག་གི་ཐཱན་འདུས་ཚད་བརྟན་པོའི་ངང་མཐོ་རུ་བཏང་ནས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་འགྲུབ་རྒྱུར་རམ་འདེགས་བྱེད་དགོས་པ་དང་། ད་ཡོད་ཀྱི་ནགས་ཚལ་དང་། རྩྭ་ཐང་། འདམ་ར་སོགས་རང་བྱུང་སྐྱེ་ཁམས་མ་ལག་གི་ཐཱན་གསོག་ཚད་བརྟན་པོ་ཡོང་བར་བྱས་ཐོག ཉམས་ཞན་དུ་གྱུར་པའི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་དེའི་ཐཱན་བསྡུས་ནུས་པ་བརྟན་པོའི་ངང་མཐོ་རུ་གཏོང་བ་དང་། རང་བྱུང་སྐྱེ་ཁམས་མ་ལག་གི་ཐཱན་གསོག་ཚད་དང་ཐཱན་བསྡུས་ནུས་པར་ཚོད་སྐོར་བྱེད་པའི་བྱ་ཐབས་རིག་པའི་ཞིབ་འཇུག་མུ་མཐུད་གཏིང་ཟབ་སྤེལ་བ། ཚན་རིག་དང་མཐུན་པའི་ཞིབ་རྩིས་མ་ལག་འཛུགས་པ་བཅས་བྱས་ནས་རང་རྒྱལ་གྱི་ཐཱན་གསོག་ཚད་དང་ཐཱན་བསྡུས་ནུས་པར་ཚོད་སྐོར་གནད་འཁེལ་ཡོང་བར་གཞི་རྩའི་འདེགས་སྐྱོར་ཐུབ་པ་བྱེད་དགོས་ཞེས་གསུངས།
“ཚན་རྩལ་གསར་གཏོད་བྱེད་ཤུགས་དང་ཚན་རིག་ཁྱབ་གདལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས་དམངས་ཡོངས་ཞུགས་པ་དང་དམངས་ཡོངས་ལ་མཉམ་སྤྱོད་ཐུབ་པར་བྱེད་དགོས”ཞེས་ཚུའེ་ལི་ཅོན་གྱིས་གྲོས་འགོ་བཏོན་གནང་ཞིང་། ཁོང་གིས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་སྐྱེ་ཁམས་མ་ལག་གི་བརྡ་ལན་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ། དཔེ་མཚོན་གྱི་ཉམས་ཞན་སྐྱེ་ཁམས་མ་ལག་སྲུང་སྐྱོབ་སླར་གསོ་དང་དུས་བྱ་གནས་སྤོ་བ་སོགས་ཀྱི་གཙོ་གནད་གནད་དོན་ལ་དམིགས་ཏེ་མཉམ་འབྲེལ་ཞིབ་འཇུག་བྱས་ནས། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱེད་རིང་མཐོ་གསར་ལག་རྩལ་ཞིབ་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས།