“མིག་མཐོང་ལག་ཟིན་ཐུབ་པའི་བདེ་སྐྱིད་དང་དམངས་གཙོ”
—— ལོང་ཡིག་པར་གཞིའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུར་ཐེངས་དང་པོ་བཏོན་པའི་སྐོར་བཀོད་པ།
ཟླ་3ཚེས་5ཉིན་གྱི་སྔ་དྲོ། པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ལོང་བའི་འཐུས་མི་དང་པོ་ཝང་ཡུང་ཁྲེང་ལ་དམིགས་བསལ་གྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཞིག་རག་ཡོད་པ་རེད།
འཐུས་མི་ཝང་ཡུང་ཁྲེང་གིས་སྙན་སྒྲོན་གསན་ཞོར་ལག་གཉིས་པོའི་མཛུབ་མོས་ཅུང་མཐུག་པའི་ཡིག་ཆ་དེར་ཞིབ་ཅིང་ཕྲ་བའི་སྒོ་ནས་རེག་བཞིན་སེམས་འགུལ་ཚད་མེད་ཐེབས།
འདི་ནི་ལོང་ཡིག་པར་གཞིའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུར་ཐེངས་དང་པོ་བཏོན་པ་ཞིག་རེད།
ལོ་18ལ་སླེབས་སྐབས་བསམ་ཡུལ་ལས་འདས་པའི་ལས་འཛོལ་ཞིག་ཐོན་ནས་མིག་གཉིས་ལོང་བར་གྱུར་རྗེས། ཝང་ཡུང་ཁྲེང་གིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་གོམ་པ་རེ་རེ་བཞིན་ལོང་བའི་འཕུར་མཉེད་སྨན་བཅོས་ཀྱི་གཙོ་བཅོས་སྨན་པ་ཞིག་ཏུ་གྱུར། ཁོང་གིས་ལོང་བའི་འཕུར་མཉེད་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། ཧྥུའུ་ཅན་ཞིང་ཆེན་མཚོ་འགག་ལོང་བའི་འཕུར་མཉེད་མཛུབ་སྟོན་ལྟེ་གནས་བཙུགས་ནས། ལོང་བའི་འཕུར་མཉེད་པ་6000ལྷག་ཙམ་སློབ་ཡོན་མི་དགོས་པར་གསོ་སྐྱོང་བྱས་པས། ལོང་བ་དེ་བས་མང་བ་རང་ཚུགས་ཀྱི་ལམ་བུའི་ཐོག་བསྐྱོད་པར་སྐུལ་ཁྲིད་བྱས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིར་བདམས་རྗེས་ཝང་ཡུང་ཁྲེང་ལ་ས་གནས་ཁག་གི་དབང་སྐྱོན་གྲོགས་པོ་ཚོའི་རེ་འདུན་ཟམ་མི་ཆད་པར་འབྱོར། ཁོང་གིས་ཟིན་བྲིས་ནན་ཏན་རྒྱག་པ་དང་བརྟག་ཞིབ་གཏིང་ཟབ་གནང་ནས་འཐུས་མིའི་གྲོས་འགོ་གྲུབ་སྟེ་ཚོགས་སྤྱི་དེའི་བསམ་འདུན་ཧུར་ཐག་བརྗོད།
ན་ནིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྲོད་ཀྱི་ལོང་བའི་འཐུས་མི་གཅིག་པུ་ཡིན་པའི་ཝང་ཡུང་ཁྲེང་གིས་ལོང་བའི་ལས་ཞུགས་དང་། སློབ་གསོ། གེགས་མེད་ཁོར་ཡུག་འཛུགས་སྐྲུན་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་འགོ་4བཏོན་པ་དང་དེའི་ཁྲོད་ཀྱི་གཅིག་ནི་གྲལ་སྡོད་མཉམ་སྦྱོང་གི་མིག་ཤེད་སྐྱོ་བའི་སློབ་མར་ཡིག་ཆེན་པར་གཞིའི་སློབ་དེབ་འདོན་རྒྱུའི་སྐོར་གྱི་གྲོས་འགོ་ཡིན་པ་རེད།
ད་ཆ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སོགས་ཚོགས་ཆེན་གྱི་ཡིག་ཆ་དུས་གཅིག་ཏུ་ལོང་ཡིག་པར་གཞི་བཏོན་ནས་འཐུས་མི་ཝང་ཡུང་ཁྲེང་གི་འགན་འཁྲི་སྒྲུབ་པའི་ལམ་བུ་སྔར་བས་ཤར་གཏོང་ཐུབ་ཡོད།
ལོང་ཡིག་པར་གཞིའི་ཚོགས་ཆེན་གྱི་ཡིག་ཆ་ནི་འདི་ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་ཐེངས་དང་པོར་བཙུགས་པའི་ལོང་ཡིག་ཡིག་སྒྱུར་ཚོགས་ཆུང་གིས་བཟོས་པ་ཞིག་རེད། ཚོགས་ཆུང་དེ་ནི་ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མངགས་གཏོང་བྱས་པ་དང་། ཀྲུང་གོ་ལོང་ཡིག་དཔེ་སྐྲུན་ཁང་རྩོམ་སྒྱུར་ཞུ་འགྲེམས་བཅས་ཀྱི་རྐང་འཛིན་མི་སྣ་ལས་གྲུབ་པ་ཞིག་ཡིན་ཞིང་། དེའི་ནང་ལོང་ཡིག་རིགས་གཅིག་མཁས་ཅན་གསུམ་ཡོད།
“ཚོགས་འདུ་གཉིས་ལ་ལོང་ཡིག་པར་གཞིའི་ཚོགས་ཆེན་གྱི་ཡིག་ཆ་ཐོག་མར་བཟོས་ནས་ལོང་བའི་འཐུས་མིས་འགན་འཁྲི་བསྒྲུབ་རྒྱུར་འགན་ལེན་དེ་བས་ཡག་པོ་བྱས་ཡོད”ཅེས་ཀྲུང་གོ་ལོང་ཡིག་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨོ་ཧྲུའུ་ཕིང་གིས་གསར་འགོད་པར་བརྗོད་དོན། ན་ནིང་ཟླ་12པར་ཚོགས་ཆེན་ལ་ལོང་ཡིག་པར་གཞིའི་ཡིག་ཆ་བཟོ་བའི་ལས་འགན་དངོས་སུ་འབྱོར་བས་ང་ལ་འགན་འཁྲི་གཟི་བརྗིད་ལྡན་པ་དང་དོན་སྙིང་གལ་ཆེན་ལྡན་པའི་ཚོར་སྣང་བྱུང་། བྱ་ཐབས་གསར་པ་དེ་ནི་ན་ནིང་ཟླ་9ཚེས་1ཉིན་ནས་ལག་བསྟར་བྱས་པའི་གེགས་མེད་ཁོར་ཡུག་འཛུགས་སྐྲུན་བཅའ་ཁྲིམས་དོན་ཐོག་ཏུ་འཁྱོལ་བ་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད།
འགན་འཁྲི་བསྒྲུབས་ནས་ལོ་གཅིག་སོང་རིང་། ཝང་ཡུང་ཁྲེང་ལ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ཚ་རླབས་ཤིག་འཕྱུར་བ་ངང་གིས་ཚོར་ཡོད་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བླ་ན་མེད་པའི་འགན་འཁྲི་ཡང་ལྷག་བསམ་རྣམ་དག་ངང་བསྒྲུབས་བཞིན་ཡོད། ཁོང་གི་གསུང་སྒྲ་དེས་དབང་པོ་སྐྱོན་ཅན་ཁྲི་8500ཡི་བསམ་འདུན་ཉན་ཐུབ་པ་དང་མིག་ཤེད་ཉམས་མཁན་ཁྲི་1700ཡི་བསམ་འདུན་མཚོན་ཐུབ་པ་བྱུང་ཡོད།
“དབང་པོ་སྐྱོན་ཅན་གྱི་ཚོགས་སྤྱིའི‘འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག’བཅས་ཀྱི་གནད་དོན་ལ་ངས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པས་འདི་ལོ་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི་རྒན་གསོའི་དམིགས་བསལ་གྱི་དགོས་མཁོར་མཐོང་ཆེན་བྱེད་པ། དེ་བཞིན་མཚོ་འགག་ངོགས་གཉིས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་འགོ་ཁག་གཉིས་གྲ་སྒྲིག་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་ཆེད་སེམས་ནུས་འདོན་རྒྱུ་ཡིན” ཝང་ཡུང་ཁྲེང་གིས་གྲོས་འགོ་རེ་རེ་མིག་མཐོང་ལག་ཟིན་གྱི་དམངས་འཚོའི་བདེ་རྩར་འགྱུར་བར་བྱ་རྒྱུ་ནི་ངའི་བདེ་སྐྱིད་ཆེ་ཤོས་ཡིན་ཞེས་གསུངས།
སླར་ཡང་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་དུས་སུ་སླེབས་པ་དང་དམངས་གཙོའི་ཚོགས་ཁང་ནང་མི་དམངས་ཀྱི་ཤེས་རིག་དང་མི་དམངས་ཀྱི་འདོད་བློ་གཅིག་ཏུ་སྡུད་ཅིང་། འཐུས་མི་ཝང་ཡུང་ཁྲེང་གི་གེགས་མེད་འགན་སྒྲུབ་ཀྱི་ལམ་བུ་རྒྱུན་ཆད་མེད་པར་སྣུར་སྲིང་དང་ངོ་མཚར་ཆེ་བའི་གཏམ་རྒྱུད་སྔར་བཞིན་བརྩམས་བཞིན་མཆིས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་འབྱོར་བའི་གློག་འཕྲིན།