ལྷག་ཆུང་གིས་གསུངས་དོན།
བོད་ཀྱི་སྤུས་རྟགས་རྒྱ་སྟོབས་ཆེ་རུ་གཏོང་ཐུབ་པའི་རེ་བ་ཡོད།
འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷག་ཆུང་ཡིན་པ།
“90ནང་སྐྱེས”ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བོད་ལྗོངས་ཙང་ཡོན་ཆང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་འཁོར་ཁང་གི་ཀྲུའུ་རེན་ལྷག་ཆུང་མཇལ་སྐབས། ཁོང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གནང་རྒྱུའི་གཏམ་བཤད་ཀྱི་ཡིག་ཆ་གྲ་སྒྲིག་ནན་ཏན་གནང་བཞིན་འདུག
གཞི་རིམ་གྱི་ཁེ་ལས་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ལྷག་ཆུང་གིས། ལས་འགན་སྒྲུབ་རིང་། རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་བརྟག་ཞིབ་དང་། འཚམས་འདྲི། སློབ་སྦྱོང་སོགས་ཀྱི་བྱེད་སྒོར་ཧུར་ཐག་ཞུགས་ནས་དམངས་འཚོར་དོ་ཁུར་དང་། དམངས་ཀྱི་འདོད་ཚུལ་འདོན་པ། དམངས་ཀྱི་བསམ་འཆར་བརྒྱུད་སྤྲོད་བཅས་གནང་གི་ཡོད།
བགྲང་བྱ་18རིང་། ལྷག་ཆུང་གིས་འབད་བརྩོན་ལྷོད་མེད་བརྒྱུད་ལག་རྩལ་སྣེ་གཅིག་ཀྱང་མི་ཤེས་པའི་ལག་གསར་ཞིག་ནས་ལས་སྒོར་བྱང་ཆུབ་པའི་ལག་རྩལ་དཔེ་དམག་ཅིག་ཏུ་གྱུར་ཡོད། དེ་དག་ནི་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཞིག་རེད་ལ། ཏང་དང་རྒྱལ་ཁབ་ཀྱིས་མཚོ་བོད་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་གཟབ་བཞེས་གནང་བ་ལས་བྱུང་བ་ཞིག་ཀྱང་རེད།
“ཁེ་ལས་འཕེལ་རྒྱས་ཕྱིན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ཁེ་ལས་ཀྱི་ལས་མི་ཞིག་ཡིན་པའི་ངར་མྱོང་ཚོར་ཟབ་མོ་བྱུང”ཞེས་ལྷག་ཆུང་གིས་གསུངས་པ་དང་། ཁོང་གིས“རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གིས་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་པ་དེས་ཁེ་ལས་འཕེལ་རྒྱས་ལ་གདེང་ཚོད་ཀྱིས་ཁེངས་སོང”ཞེས་གསུངས།
གསར་འགོད་པར་ཤེས་རྟོགས་བྱུང་བར། ན་ནིང་ནས་བཟུང་། རང་སྐྱོང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཡང་བའི་བཟོ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་འཆར་འགོད(2023ལོ་ནས་2025ལོ་བར)》དང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས《ལྷ་ས་གྲོང་ཁྱེར་གྱི་ཡང་བའི་བཟོ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་འཆར་གཞི》བཏོན་ཞིང་། དེ་དག་གིས་ས་མཐོའི་ཡང་བའི་བཟོ་ལས་ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཡོང་བར་འགན་ལེན་ནུས་ལྡན་ཐུབ་ཡོད།
འབྱུང་འགྱུར་སྐོར་གླེང་སྐབས། ལྷག་ཆུང་གིས“བོད་ཀྱི་སྤུས་རྟགས་རྒྱ་སྟོབས་ཆེ་རུ་བཏང་སྟེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་ནས་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བར་བྱས་ཏེ། བོད་ཀྱི་ཡང་བའི་བཟོ་སྐྲུན་ལས་རིགས་རྩེར་སོན་དང་། མཐོ་གསར། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་ལམ་བུ་གསར་པར་བསྐྱོད་པར་སྐུལ་འདེད་གཏོང་ཐུབ་པའི་རེ་བ་ཡོད”ཅེས་རེ་བས་ཁེངས་བཞིན་དུ་གསུངས།