དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དངོས་འཛིན་དངོས་སྒྲུབ་འཕེལ་རྒྱས་དོན་གཉེར་བྱེད། གདེང་ཚོད་ཆེན་པོས་རྒྱང་ལམ་གསར་པར་སྐྱོད།

    —— རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-08

    དེང་གི་བོད་ལྗོངས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་ཀྱི་དུས་མཚམས་སུ་གནས་ཡོད། ཟླ་3ཚེས་5ཉིན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་རྗེས་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་གདེང་ཚོད་ཀྱིས་ཁེངས་བཞིན་དུ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་འཕེལ་རྒྱས་དང་འབད་འབུངས་ཀྱི་ལམ་བུ་དེ་བས་གསལ་དུ་ཕྱིན་པ་དང་དངོས་སྒྲུབ་ཀྱི་གདེང་ཚོད་དེ་བས་བརྟན་དུ་ཕྱིན་ཡོད་པ་ངོས་འཛིན་གཅིག་མཐུན་བྱུང་ཡོད། ཚང་མས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ཀྱི་ལམ་བུའི་ཐོག་བསྐྱོད་པ་དང་། སྒོ་དབྱེའི་ལམ་བུའི་ཐོག་བསྐྱོད་པ། གསར་གཏོད་ཀྱི་བྱ་ཐབས་བཏོན་པ་བཅས་བྱས་ནས་དཔལ་འབྱོར་གྱི་མིག་སྔའི་གསོན་ཤུགས་དང་འབྱུང་འགྱུར་གྱི་གཏིང་ཤུགས་འགན་ལེན་བྱེད་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་དཔའ་དར་གྱིས“ཉིང་ཁྲི་ནི་བོད་ཀྱིས་སྒྱུར་བཅོས་སྒོ་དབྱེ་སྔོན་ལ་ལག་བསྟར་བྱས་པའི་ཁུལ་ཞིག་ཡིན། འདས་ཟིན་པའི་ལོ་གཅིག་རིང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་བཟང་པོའི་སྐུལ་འདེད་འོག་ཉིང་ཁྲིར་སྒྱུར་བཅོས་སྒོ་དབྱེ་སྔོན་ལ་ལག་བསྟར་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་ཚད་ལ་འཕེལ་རྒྱས་གསར་པ་བྱུང་བ། ཕན་འབྲས་ལ་ཚད་བརྒལ་གསར་པ་བྱུང་བ། རྨང་གཞིའི་ཆུ་ཚད་མཐོ་རུ་ཕྱིན་ཡོད”ཅེས་གསུངས་པ་དང་། ཁོང་གིས་གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་གྲངས་གཞི་ཁག་གཅིག་དྲངས་ནས་གསུངས་དོན། 2023ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་235ཟིན་ནས་9.5%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་139བཏང་བ་དང་17.1%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་12.39ལེགས་གྲུབ་བྱུང་ནས་16.5%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་46344དང་སྒོར་25451སོ་སོར་ཟིན་ནས་6.7%དང་9%ལེགས་གྲུབ་བྱུང་ཡོད།

    དཔའ་དར་གྱིས“ཉིང་ཁྲིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དུས་རབས་གསར་པའི་བསྙོན་མེད་དོན་དམ་ལ་བརྩིས་ནས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། ནང་ངོས་ཀྱི་གཏིང་ཤུགས་སྔོག་འདོན་དང་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་མགྱོགས་པོ་བྱེད་པ། འཛད་སྤྱོད་རྒྱ་ཆེ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་ཚོང་འགུགས་མ་འདྲེན་ལ་དམ་འཛིན་ཡག་པོ་བྱེད་པ། ཕྱོགས་བསྡུས་དཔལ་འབྱོར་གྱི་དངོས་ཤུགས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི‘འཛུགས་གཏོད་བཞི’དང‘མདུན་གྲལ་དུ་སླེབས་པ་བཞིར’ཉིང་ཁྲིའི་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན”ཞེས་ངོ་སྤྲོད་གནང་བ་རེད།

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། གཞུང་ཁོངས་ཁེ་ལས་དང་། དམངས་གཉེར་ཁེ་ལས། ཕྱི་རྒྱལ་གྱིས་མ་རྩ་བཞག་པའི་ཁེ་ལས་བཅས་ཚང་མ་ནི་དེང་རབས་ཅན་འཛུགས་སྐྲུན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”ཀྱི་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ཏེ། དབང་བའི་ལམ་ལུགས་ཀྱི་ཁེ་ལས་སྣ་ཚོགས་ལ་དྲང་གཞག་འགྲན་རྩོད་དང་འགྲན་རྩོད་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

    ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་བཏོན་ནས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྲོལ་ཡིག》མགྱོགས་མྱུར་བཏོན་ཏེ། ཚོང་གཉེར་ཁོར་ཡུག་གི་ཆེད་བསྐོས་ལྟ་སྐུལ་བའི་ལམ་ལུགས་བཟོས་ནས“ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དོན་ཚན་50”བཏོན་པ་དང་ཁྲལ་རིན་གཉིས་གཅོག་སྲིད་ཇུས་སོགས་ལག་བསྟར་གཏིང་ཟབ་བྱས་པ་རེད།

    ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྐོར་གླེང་སྐབས་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་ལྗོངས་ཀྲུང་ཡོན་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་སྒྲོལ་དཀར་གྱིས“ཀུང་སི་འཕེལ་རྒྱས་ཕྱིན་པ་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ལྷུག་གཏོང་གི་འཕེལ་རྒྱས་ཁོར་ཡུག་དང་ཁེ་ལས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་དང་ཁ་འབྲལ་ཐབས་མེད། ཚོགས་ཆེན་གྱི་གནས་ཚུལ་ཉན་རྗེས་རྒྱལ་ཁབ་ཀྱིས་གྲངས་འཛིན་དཔལ་འབྱོར་དང་ལག་རྩལ་གསར་གཏོད་ཐད་བླང་བྱ་དེ་བས་མཐོ་བ་བཏོན་ཡོད་པའི་ཚོར་སྣང་ཟབ་མོ་བྱུང་། གོམ་སྟབས་རྗེས་མར་ང་ཚོས་ཞིབ་འཇུག་གསར་སྤེལ་མི་སྣའི་ཐོབ་ཐང་དང་། ལག་རྩལ་སྒྱུར་བཅོས་གསར་གཏོད། ཞིབ་འཇུག་གསར་སྤེལ་སྒྲིག་བཀོད་རིམ་སྤོར་སོགས་ལ་མ་དངུལ་དེ་བས་མང་བ་གཏོང་གི་ཡིན”ཞེས་མྱོང་ཚོར་ཟབ་མོའི་སྒོ་ནས་གསུངས།

    ལག་རྩལ་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་བྱས་པར་བརྟེན་ངེད་ཀུང་སི“རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི་དཔེ་སྟོན་རྟེན་གཞིར”བདམས་པ་དང“ལྷ་ས་གྲོང་ཁྱེར་གྱི་ལྗང་མདོག་འཕེལ་རྒྱས་ཚོད་ལྟའི་ཁེ་ལས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། “ཚོང་གཉེར་ཁོར་ཡུག་བཟང་པོ་ནི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་ཞིག་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་དང་ཞིབ་ཕྲའི་མཚོན་ཚུལ་ཞིག་ཀྱང་ཡོད། བཟོ་སྐྲུན་ལས་རིགས་ཀྱི་ལྟེ་བའི་ལག་རྩལ་དང་འགག་རྩའི་ཁྱབ་ཁོངས་གསར་གཏོད་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་སྤྱི་ཡོངས་འཕར་བར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད”ཅེས་སྒྲོལ་དཀར་གྱིས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།