དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    གྲོགས་པོ་ཕྱི་རྒྱལ་བ་དེ་བས་མང་བ་ཀྲུང་གོར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-03-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། ཀྲུང་གོའི་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི“གྲོགས་ཚོགས་འཁོར་རྒྱ”མུ་མཐུད་ཆེ་རུ་ཕྱིན་པ་དང་ཆབས་ཅིག ཀྲུང་གོར་ཡོང་མཁན་རྒྱལ་ཁོངས་ཕྱིའི་ཡུལ་སྐོར་བའི་གྲངས་འབོར་དེ་ཡང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་གྲོགས་པོ་ཕྱི་རྒྱལ་བ་དེ་བས་མང་བ་ཀྲུང་གོར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཁོང་ཚོར་བདེ་འཇགས་དང་། བག་ཕེབས། སྟབས་བདེ་བཅས་ཀྱི་ཡུལ་སྐོར་གྱི་ཁོར་ཡུག་བཟང་པོ་གཏོད་ཕྱིར་མུ་མཐུད་འབད་བརྩོན་ཡང་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཟླ་3ཚེས་1ཉིན་ནས་ཀྲུང་གོ་དང་ཐེ་ལན་དབར་གྱི་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་གྲོས་ཆོད་དངོས་སུ་གོ་ཆོད་ཡོད། གྲངས་གཞི་ལས་མངོན་པར། ཉིན་དེར་ཐེ་ལན་གྱི་ཡུལ་སྐོར་བ་ཀྲུང་གོར་ཡུལ་སྐོར་དུ་ཡོང་རྒྱུའི་མངགས་ཐོ་དུས་མཚུངས་ལས་ལྡབ་3འཕར་བ་དེ་2019ལོའི་དུས་མཚུངས་ལས་160%ལྷག་ཙམ་འཕར་ཡོད། ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཀྲུང་གོར་སྐྱོད་འདོད་ཀྱི་སེམས་པ་རིམ་བཞིན་ཆེ་རུ་ཕྱིན་པ་དང་ཆབས་ཅིག ཀྲུང་གོ་ཕྱོགས་ཀྱིས་ཁོང་ཚོ་ཀྲུང་གོར་ཡོང་རྒྱུར་སྟབས་བདེ་སྐྲུན་ཆེད་རོགས་རམ་གང་ཞིག་བྱ་རྒྱུ་ཡིན་ནམ་ཞེས་དྲིས།

    མའོ་ཉིང་གིས། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་འགྲོ་འོང་བྱེད་པར་སྟབས་བདེ་སྐྲུན་ཆེད། ཕྱི་འབྲེལ་པུས་རྒྱལ་སྒྲོལ་ཐོངས་མཆན་རེ་ཞུའི་རེའུ་མིག་གི་ནང་དོན་ཉུང་དུ་གཏོང་རྒྱུ་དང་། རྒྱལ་སྒྲོལ་ཐོངས་མཆན་འགོད་པའི་གྲོན་དངུལ་དུས་མཚམས་རང་བཞིན་གྱི་སྒོ་ནས་ཉུང་དུ་གཏོང་རྒྱུ། ཀྲུང་གོར་ཡོང་མཁན་ཕྱི་སྦྱོང་སློབ་མར་ཞིབ་མཆན་འགོད་པའི་འགྲོ་ལུགས་སྟབས་བདེ་རུ་གཏོང་རྒྱུ། རེ་འདུན་ཞུ་མཁན་ཁག་གཅིག་གི་མཛུབ་རིས་བསྡུ་ལེན་བྱེད་མི་དགོས་པ། རྒྱལ་སྒྲོལ་ཐོངས་མཆན་སྔོན་མངགས་བྱེད་མི་དགོས་པ། ཧྥ་རན་སེ་དང་འཇར་མན་སོགས་རྒྱལ་ཁབ་ལ་ཕྱོགས་རྐྱང་པའི་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཚོད་ལྟའི་ངང་ལག་ལེན་བསྟར་རྒྱུ་བཅས་ཐབས་ཤེས་བཏོན་ཡོད། རྒྱལ་ཁོངས་ཕྱིའི་མི་སྣའི་སྒུལ་བདེའི་གཏོང་སྤྲོད་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་གིས་གཏོང་སྤྲོད་སྒྲིག་གཞིས་གཱ་སྦྲེལ་གྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་། ཐོབ་ཐང་ཞིབ་བཤེར་བཀོད་སྒྲིག་བྱེད་སྟངས་སྟབས་བདེ་རུ་གཏོང་བ། སྒུལ་བདེའི་གཏོང་སྤྲོད་ཉོ་ཚོང་བྱེད་ཐེངས་གཅིག་གི་ཚད་བཀག་མཐོ་རུ་གཏོང་བ་བཅས་ལ་མཛུབ་ཁྲིད་བྱ་རྒྱུ་རེད། པེ་ཅིང་གིས་གཙོ་གནད་ཚོང་དོན་འཁོར་རྒྱ་དང་། མཛེས་ལྗོངས་ཁུལ། སྤྱི་གླིང་། ཨར་ཁང་བཅས་རིམ་སྤོར་སྒྱུར་བཀོད་ཀྱི་ཕྱི་ཕྱོགས་གཱ་བདག་སྤྲོད་ནུས་པ་ཆེ་རུ་གཏོང་རྒྱུ་དང་། དེ་བཞིན་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་དང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་གི་ཕྱི་རྒྱལ་སྐུ་མགྲོན་གྱི་གཏོང་སྤྲོད་ཞབས་ཞུའི་དཔེ་སྟོན་ཁུལ་འཛུགས་རྒྱུ་རེད། ཧྲང་ཧའེ་ཡིས་སྐར་གསུམ་དང་དེ་ཡན་གྱི་ཨར་ཁང་དང་། A3རིམ་པ་དང་དེ་ཡན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་སུ་ཕྱི་ཕྱོགས་གཱ་POSའཕྲུལ་ཆས་ཡོད་པ་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།