དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་གཞུང་ཚབ་ཆེ་མོ་བས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སུ་ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱེད་པའི་འདུ་ཤེས་དང་འདོད་ཚུལ་རྒྱས་བཤད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-03-07

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་དོན་གཅོད་ཁང་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཏུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞུང་ཚབ་ཆེ་མོ་བ་ཁྲེན་ཤུས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་55པའི་འགྲོ་བ་མིའི་ཐོབ་ཐང་གི་མཐོ་རིམ་ཀྲོན་ཡོན་གྱི་སྙན་ཞུའི་ལྷུ་ཚིགས་སུ་གཏམ་བཤད་སྤེལ་ནས་ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱེད་པའི་འདུ་ཤེས་དང་འདོད་ཚུལ་རྒྱས་བཤད་བྱས་པ་རེད།

    ཁྲེན་ཤུས་ཀྱིས་མི་ཚང་མའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ལ་སྲུང་སྐྱོང་ནུས་ལྡན་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་ཞེས་བརྗོད་པ་རེད། ཁྲེན་ཤུས་ཀྱིས་དེ་བས་ཛ་དྲག་ཆེ་བའི་དུས་བབ་དང་འགྲན་སློང་གི་མདུན་དུ་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ལས་དོན་ཁག་ལ་དོ་སྙོམས་ངང་སྐུལ་འདེད་གཏོང་དགོས། འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་དང་། རྒྱལ་ཁབ་ཁག་གི་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་ལ་བརྩི་འཇོག རྒྱལ་ཁབ་ཁག་གིས་རང་རྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག་བཅས་བྱེད་པ་ལས། རང་ངོས་ཀྱི་རིན་ཐང་ལྟ་བ་དང་འཕེལ་རྒྱས་གཏོང་སྟངས་གཞན་ལ་བཙན་འགེལ་བྱེད་མི་རུང་། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་རྨང་གཞིའི་ཐོག་སྐད་ཆ་ཤོད་རེས་གཏིང་ཟབ་བྱེད་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ་དང་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱེད་སྟངས་ལ་ཐུན་མོང་ཐོག་བཀག་འགོག་བཅས་བྱས་ནས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱ་ཆེད་དགེ་མཚན་ལྡན་པའི་ཆ་རྐྱེན་གཏོད་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།