མི་རིགས་མཐུན་སྒྲིལ་མེ་ཏོག་རྣམ་པར་བཞད། བདེ་སྐྱིད་འཚོ་བར་གཡུར་ཟའི་འབྲས་བཟང་སྨིན།
འདི་ནི་བདེ་སྐྱིད་གྲོང་གསར་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་ཕ་ཡུལ་མཚོ་སྔོན་ནས་ཡིན་པའི་གྲོང་མི་ཀྲང་ཅི་ཁྲེང(གཡས་ཀྱི་དང་པོ)དང་གྲོང་མི་ཚོ་སྐད་ཆ་ཤོད་བཞིན་པ།
ཉེ་བའི་ལོ་ཤས་རིང་། གྲ་ནང་རྫོང་གྲ་ཕྱི་ཤང་བདེ་སྐྱིད་གྲོང་གསར་གྱིས་གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་འདོད་བློར་དམིགས་པ་དང་། རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ། དྲིལ་བསྒྲགས་ཀྱིས་ཁྲིད་སྟོན་དང་། གཞི་རྟེན་འཛུགས་སྐྲུན། དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་བྱ་ཐབས་ཆེན་པོ་གསུམ་ལ་བརྟེན་ནས་ཁྱིམ་མཚེས་དབར་རོགས་རེས་བྱེད་པ་རྒྱུན་གཏན་ཅན་དང་། བདེ་སྐྱིད་འཚོ་བ་ཐུན་མོང་ཅན། སེམས་ཁུར་དང་ཁས་ལེན་ལྕག་སྐུལ་ཅན་བཅས་མངོན་འགྱུར་བྱས་པས། མི་རིགས་ཁག་གི་གྲོང་མི་ཚོ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཁྲོད་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ།
⒈ “དཔུང་ཁག་ཆུང་ངུས་དྲིལ་བསྒྲགས་ཆེན་པོ”བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ཡག་པོ་བརྒྱབ་པ།
བདེ་སྐྱིད་གྲོང་གསར་གྱི་གྲོང་མི་བསྟན་འཛིན་གྱིས་ལུས་ལ་སྣམ་གོས་དང་མགོ་ལ་ཞྭ་མོ“ཚེ་རིང་སྐྱིན་ཁེབས”གྱོན་ནས། གྲ་ནང་གི་ཡུལ་སྐད་འཁྲུལ་མེད་ཅིག་རྒྱག་གི་ཡོད། གྲོང་མི་ཚོས་བརྗོད་པ་མིན་ན་ཁོང་ནི་རྒྱ་རིགས་ཅིག་ཡིན་པ་སུས་ཤེས།
འདི་ལོ་ལོ་59ལ་སླེབས་པའི་བསྟན་འཛིན་གྱི་དེ་སྔའི་མིང་ལ་ཀྲང་ཅི་ཁྲེང་ཟེར་ཞིང་ཕ་ཡུལ་མཚོ་སྔོན་ནས་རེད། ཁོང་ལོ་20ལ་སླེབས་སྐབས་ཨར་ལས་རུ་ཁག་དང་མཉམ་དུ་གྲ་ནང་རྫོང་དུ་འབྱོར། “སྐབས་དེ་དུས་ངས་ལམ་བཟོ་གི་ཡོད། ཆ་རྐྱེན་སྐྱོ་ཡང་ལས་ཡུལ་དུ་ཚང་མས་མི་རིགས་ཀྱི་དབྱེ་བ་མེད་པར་ཕན་ཚུན་ལྟ་རྟོག་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོ་ཡོད། ཕྱིས་སུ་ལས་ཡུལ་ནས་ད་ལྟའི་ངའི་བོད་རིགས་བཟའ་ཟླ་ངོ་ཤེས་ནས་དེ་གར་གཞིས་ཆགས་པ་ཡིན”ཞེས་བསྟན་འཛིན་གྱིས་བཤད།
ཉེ་བའི་ལོ་ཤས་རིང་། བདེ་སྐྱིད་གྲོང་གསར་གྱིས་སྔ་ཕྱི་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་དང་རྣ་བར་བདེ་བའི་བྱ་ཐབས་ཐོག་ནས་དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་སྒྲོག་འགྲེལ་བྱེད་མཁན་ཚང་མ་དང་། སྒྲོག་འགྲེལ་བྱེད་ཚད་རྒྱུན་རྣམ་ཅན། སྒྲོག་འགྲེལ་བྱ་ཡུལ་སྣ་མང་ཅན་བཅས་ཡོང་གང་ཐུབ་བྱས་ཡོད།
2023ལོར་གྲོང་ཚོ་དེས་མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་སྒྲོག་འགྲེལ་ཐེངས་15བྱས་པར་མང་ཚོགས་མི་ཐེངས་2000ལྷག་ཙམ་ལ་སློབ་གསོ་ཐེབས་པ་དང་། རིམ་གསུམ་ཧྲུའུ་ཅིས་སྣེ་ཁྲིད་དེ་སྒྲོག་འགྲེལ་ཐེངས་8བྱས་པ་དང་མང་ཚོགས་མི་ཐེངས་800ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད།
⒉ གཞི་རྟེན་གསར་གཏོད་ཀྱིས་ཕན་འབྲས་དངོས་ཐོན་པར་བྱས་ཏེ། མཉམ་སྐྲུན་མཉམ་སྤྱོད་ཀྱི་བྱ་སྤྱོད་སྤེལ་བ།
བདེ་སྐྱིད་གྲོང་གསར་གྱིས་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པའི་རྨང་གཞིའི་ཐོག་མི་རིགས་མཐུན་སྒྲིལ་གྱི་བྱེད་སྒོའི་ལས་སྟེགས་རྒྱ་ཁྱབ་ངང་བསྐྲུན་པ་དང་། གསར་འཛུགས་ལས་དོན་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ། འཛུགས་གཏོད་ལས་དོན་གྱི་རྣམ་པ་དང་ལས་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་བ། གྲོང་ཚོ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བཅས་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ་རེད།
མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཏང་བ་བརྒྱུད། བདེ་སྐྱིད་གྲོང་གསར་གྱི་མི་རིགས་ཁག་གི་མང་ཚོགས་ཚོས“ཁྱིམ་མཚེས་དབར་རོགས་རེས”ཀྱི་དང་བླངས་པའི་དཔུང་ཁག་ཧུར་ཐག་བཙུགས་ནས་མི་ཧྲེང་རྒན་རྒོན་གྱི་འཚོ་བར་ལྟ་རྟོག་དང་། གཞིས་ལུས་བྱིས་པའི་སློབ་སྦྱོང་དང་འཚར་ལོངས་ལ་སེམས་ཁུར། ངལ་ནུས་མི་འདང་བའི་ཁྱིམ་ཚང་གི་དཔྱིད་འདེབས་དང་སྟོན་བསྡུར་རོགས་རམ་བྱེད་པ་སོགས་དང་བླངས་རོགས་རེས་ཀྱི་བྱེད་སྒོའི་ཁྱབ་ཁོངས་ནང་བཅུག་ཡོད། དང་བླངས་པའི་དཔུང་ཁག་བཙུགས་ཚུན་རོགས་རམ་ཐེངས་130ལྷག་ཙམ་བྱས་པ་དང“གཅེས་སེམས་སྒོ་རྩིས་ཚོང་ཁང”ལ་བརྟེན་ནས་ཁྱིམ་མཚེས་ལ་མཁོ་བའི་གྱོན་ཆས་3100ལྷག་ཙམ་ཞལ་འདེབས་བརྒྱབ་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ལ་གཞོགས་འདེགས་ཀྱིས་འགལ་ཟླ་དང་རྩོད་གཞིར་གྲལ་བཤེར་ཐེངས་80ལྷག་ཙམ་བྱས་པ་རེད།
⒊གོང་བུ་གཅིག་སྒྲིལ་གྱིས་རྨང་གཞི་བརྟན་དུ་བཏང་ནས། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་པ།
བདེ་སྐྱིད་གྲོང་གསར་དུ་སྐྱོད་སྐབས་མཛེས་པའི་བོད་བཟོའི་ཁང་པ་དག་གྲལ་སྟར་འགྲིག་ཅིང་ཁོད་སྙོམས་པའི་སྣུམ་ནག་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་ཡོད།
བདེ་སྐྱིད་གྲོང་གསར་གྱིས་ཐོག་མཐའ་བར་གསུམ་དུ་འཛུགས་གཏོད་ལས་དོན་དེ་དཔལ་འབྱོར་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་དངོས་སྤྱོད་རྩལ་ནུས་གསོ་སྦྱོང་ཁག་ནང་ཞུགས་སུ་བཅུག་པ་དང་། བཞོན་མ་གསོ་ཚགས་རྟེན་གཞི་དང་དྲོད་ཁང་སོགས་གྲོང་ཚོ་ཁག་གི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་བཙུགས་ནས་གྲོང་ཚོར་སྔ་རྗེས་སུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་11དང་ཨར་ལས་རུ་ཁག་4བཙུགས་པ་དང་མང་ཚོགས་154ལས་ཞུགས་ཐུབ་ནས་མི་རེར་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་5000ལྷག་ཙམ་ཟིན་ཡོད།
མིག་སྔར་གྲ་ནང་རྫོང་དེ་གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་རྫོང་དུ་བསྐྲུན་པ་དང་འབྲེལ་བདེ་སྐྱིད་གྲོང་གསར་དང་། བསམ་ཡས་གྲོང་རྡལ། རྫོང་སློབ་འབྲིང་བཅས་གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཚན་པ་3དང་གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁྱིམ་ཚང་1བཅས་བཏོད་ཡོད། རྫོང་ཡོངས་ཀྱིས“དམངས་སེམས་འདུ་འགོད་ཆེན་པོ་བཅུའི”བྱེད་སྒོ་ཧུར་ཐག་སྤེལ་ནས། རྫོང་ཡོངས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་གྱི་དམིགས་ཚད་ལེགས་སྒྲུབ་བྱས་པ་དང་སློབ་ཞུགས་གོང་གི་བུ་བཅོལ་ཁང་དུ“སྐད་གཉིས”སློབ་གསོ་ལག་བསྟར་བྱེད་འགོ་བཙུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་དང་སྤྱི་ཚོགས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་རིགས་ཁག་གི་མང་ཚོགས་དེ་བས་མང་བར་ཐོབ་པ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་བཏང་བ་རེད།