དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཆམ་མཐུན་ལྡན་པའི་ལེའུ་གསར་མཉམ་དུ་རྩོམ།

    —— རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-06

    2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ཀྱི་ལོ་རེད། ལོ་གཅིག་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམ་པོར་བརྟེན་པ། ངར་སེམས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་བཅས་བྱས་ནས། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་གསར་པ་ཞིག་སྤོས་པ་རེད།

    2023ལོར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཞི་མཐུན་བྱུང་བ་མ་ཟད། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་ཡོད། དེའི་ཐད་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོར་མྱོང་ཚོར་ཟབ་མོ་ཡོད་པ་མ་ཟད། ཁོང་ཚོས་རང་སོ་སོའི་ལས་ཀ་དང་ཟུང་འབྲེལ་བྱས་ནས་གྲུབ་འབྲས་གླེང་བ་དང་བྱ་ཐབས་བཙལ་ཡོད།

    མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་བརྟན་ལྷིང་གི་སྔོན་འགྲོའི་ཆ་རྐྱེན་ཡིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་ཝང་ཧྥང་ཧུང་གིས“2023ལོར་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་དམིགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་པ་སྟེ། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་11དང་དཔེ་སྟོན་ཚན་པ་79འཛུགས་གཏོད་བྱས་པ་དང་སྤེལ་རེས་རྣམ་པའི་སྡེ་ཁུལ་2དང་མི་རིགས་མཐུན་སྒྲིལ་གྱི་སེ་འབྲུའི་གོང་བུའི་ས་ཚིགས་43བཏོད་ཡོད”ཅེས་གསུངས་པ་རེད།

    ཝང་ཧྥང་ཧུང་གིས་ངོ་སྤྲོད་གནང་བར་གཞིགས་ན། 2023ལོར་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་གྲོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་ཚད་ལོན་གྲོང་ཁྱེར་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་ཤིང་། སྐྱིད་གྲོང་རྫོང་དང་། ཁང་དམར་རྫོང་། རྣམ་གླིང་རྫོང་མཚར་ཤང་། བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་དང་བདེ་སྐྱིད་སྡེ་ཁུལ། ས་སྐྱ་རྫོང་སློབ་འབྲིང་བཅས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ཚན་པར་མིང་བཏགས་པ། ཆོས་ལུགས་རིགས་ཁོངས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་བ། སྒྲོག་འགྲེལ་ཐེངས་3700ལྷག་ཙམ་བྱས་པ། སློབ་གསོ་ཐེབས་པའི་གྲྭ་བཙུན་མི་ཐེངས་ཁྲི་5.5ཟིན་ཡོད།

    འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་དང་སེལ་བ་ནི་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན། དེའི་ཐད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་བྱ་མང་ཤང་ཕོ་རོང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཆི་བདེར་རང་ཉིད་ཀྱི་ངོས་འཛིན་གནང་སྟངས་ཤིག་ཡོད།

    “གྲོང་སྲོལ་དམངས་ཆིངས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་བཏང་ཡོད” འཆི་བདེ་ཡིས་གསར་འགོད་པར“ང་ཚོའི་གྲོང་སྲོལ་དམངས་ཆིངས་ཀྱི་ནང་དོན་ནང་ཁོར་ཡུག་འཕྲོད་བསྟེན་དང་། ཁྱིམ་མཚེས་དབར་གྱི་འབྲེལ་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སོགས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཀྱི་ཕྱོགས་ཁག་ཚུད་ཡོད། དཔེར་ན། ང་ཚོའི་གྲོང་ཚོས་གཟའ་འཁོར་རེའི་གཟའ་ཕུར་བུ་ཁོར་ཡུག་འཕྲོད་བསྟེན་ཉིན་མོར་གཏན་འཁེལ་བྱས་པ་དང་གྲོང་ཚོའི་ལས་བྱེད་པས་སྣེ་ཁྲིད་དེ་ཚང་མ་དང་མཉམ་དུ་གང་སར་གཙང་སྦྲ་བྱས་ནས་ཁོར་ཡུག་ལེགས་སུ་ཕྱིན་ཡོད། དེར་གྲོང་མིས་བསྔགས་བརྗོད་ཡང་ཡང་བྱེད་པ་དང་གཅེས་འཛིན་ལྡབ་འགྱུར་བྱེད་ཀྱི་ཡོད”ཅེས་གསུངས།

    བཅའ་ཁྲིམས་ཁྱབ་གདལ་གཏོང་བ་དེས་སྤྱི་ཚོགས་བཅོས་སྐྱོང་ནང་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ཐོན་ཡོད་ལ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན།

    ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་གི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། མི་སྣ་འགྲོ་འོང་མང་དུ་ཕྱིན་པ། ཁྲིམས་ཁང་གིས་གྱོད་གཞི་བདག་སྤྲོད་བྱེད་ཚད་མགྱོགས་མྱུར་འཕར་ཡོད། 2018ལོའི་གོང་ལོ་རེར་ཆ་སྙོམས་གྱོད་གཞི་20ལྷག་ཙམ་བདག་སྤྲོད་བྱས་པ་དང་ཉེ་བའི་ལོ་ཤས་རིང་ལོ་རེར་ཆ་སྙོམས་གྱོད་གཞི་400ལྷག་ཙམ་བདག་སྤྲོད་བྱེད་པའི་བར་མང་དུ་ཕྱིན་ཡོད།

    “དེ་སྔོན་གྱོད་གཞིའི་རིགས་གཙོ་བོ་ཁྱིམ་ཚང་གི་རྩོད་གཞི་དང་ཁྱིམ་མཚེས་དབར་གྱི་འགལ་ཟླ་ཡིན། མང་ཚོགས་ཀྱིས་བཅའ་ཁྲིམས་ཀྱི་ཐབས་ལམ་བརྒྱུད་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཅུང་ཞན་པོ་ཡོད། ད་ཆ་ངལ་རྩོལ་གན་རྒྱའི་རྩོད་གཞི་དང་། སྐྱེལ་འདྲེན་གན་རྒྱའི་རྩོད་གཞི། ཉོ་ཚོང་གན་རྒྱའི་རྩོད་གཞི་སོགས་ཀྱི་གྱོད་གཞི་མང་དུ་ཕྱིན་ནས་མང་ཚོགས་ཀྱིས་བཅའ་ཁྲིམས་ཀྱི་ཐབས་ལམ་བརྒྱུད་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། འོན་ཀྱང་ཁོང་ཚོས་ཇི་ལྟར་བྱས་ནས་དཔང་རྟགས་སོར་འཇོག་བྱེད་དགོས་མིན་མི་ཤེས་པ་དང་གཏུག་བཤེར་གྱི་གོ་རིམ་ལ་རྒྱུས་མངའ་མེད་པས་ཞིབ་ཕྲའི་མཛུབ་ཁྲིད་བྱེད་དགོས་ཀྱི་ཡོད” བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་གི་རིམ་པ་དང་པོའི་ཁྲིམས་དཔོན་པད་མ་གཡུ་སྒྲོན་གྱིས“འདས་ཟིན་པའི་ལོ་གཅིག་ནང་ང་དང་ལས་རོགས་ཚོས་མཉམ་དུ་བཅའ་ཁྲིམས་ཁྱབ་གདལ་གྱི་ལས་དོན་འབོར་ཆེན་བསྒྲུབས་ཡོད། དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་། བརྙན་ལམ་བསྟན་པ། ས་གནས་ས་ཐོག་ཏུ་དོགས་གནད་སེལ་བ་སོགས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པ་དང་གསོན་ཉམས་དོད་པའི་སྐད་ཆ་དང་དཔེ་མཚོན་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ལ་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱེད་ཀྱི་ཡོད། ང་ཚོས་ད་དུང་ཁྲིམས་དཔོན་གྱི་ཁ་པར་ཨང་གྲངས་བྲིས་པའི་དམངས་ཕན་འབྲེལ་གཏུག་གཱ་དུད་ཚང་དང་མང་ཚོགས་ཀྱི་ཁྱིམ་དུ་བསྐྱལ་ནས་མང་ཚོགས་ལ་འགལ་ཟླ་དང་རྩོད་གཞི་དང་བཅའ་ཁྲིམས་ཀྱི་གནད་དོན་འཕྲད་སྐབས་ང་ཚོ་དང་འབྲེལ་བ་བྱེད་བདེ་པོ་ཡོང་བ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་གནང་།

    པད་མ་གཡུ་སྒྲོན་གྱིས“མི་དམངས་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་ནས་ཚང་མས་རང་ཉིད་ཀྱི་ཁེ་དབང་དང་འོས་འགན་ཤེས་རྟོགས་ཐུབ་པ་དང་། བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ། བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཚེ་ཁོང་ཚོས་གཞི་ནས་བཅའ་ཁྲིམས་ཀྱི་བྱེད་ཐབས་ལ་བརྟེན་ནས་བཅའ་ཁྲིམས་ཀྱི་རྩོད་གཞི་ཐག་གཅོད་བྱེད་སླ་བ་དང་། ཁྲིམས་འགལ་བྱེད་སྤྱོད་མི་ཐོན་པ་དང་ཉུང་དུ་འགྲོ་བ། སྤྱི་ཚོགས་ཀྱི་འགལ་ཟླ་དང་གདོང་ཐུག་ཉུང་དུ་འགྲོ་བ་བཅས་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་ཐུབ”ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།