བཀྲ་ཤིས་དོན་གྲུབ་ཀྱིས་གསུངས་དོན།
ས་བབ་མཐོ་བའི་ཁུལ་གྱི་སྨན་བཅོས་དེ་བས་སྟབས་བདེ་དང་དམངས་ཕན་ཡོང་བར་བྱེད་དགོས།
འདི་ནི་བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཀྲ་ཤིས་དོན་གྲུབ་ཡིན་པ།
“ཇི་ལྟར་བྱས་ནས་བོད་ལུགས་གསོ་རིག་གི་ལེགས་ཆ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ་མང་ཚོགས་ལ་ནད་གཞི་མི་ཕོག་པར་བྱས་ནས་ནད་གཞི་ལྟ་ཐུབ་པ་དང་། སྨན་ཁང་བསྟེན་ཐུབ་པ། སྨན་བཅོས་ཡག་པོ་ཐུབ་པ་བཅས་བྱེད་རྒྱུ་ནི་ངས་སེམས་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ཞིག་ཡིན”ཞེས་བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མངའ་རིས་ས་ཁུལ་སྨན་རྩིས་ཁང་གི་ཡོན་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས་གསུངས། གསར་འགོད་པས་བཀྲ་ཤིས་དོན་གྲུབ་ལ་བཅར་འདྲི་བྱེད་སྐབས། ཁོང་གིས་འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་འབུལ་རྩིས་ཡོད་པའི་གྲོས་གཞི་འཐུས་སྒོ་ཚང་དུ་གཏོང་བཞིན་འདུག་ལ། ས་བབ་མཐོ་བའི་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ལེགས་སུ་གཏོང་ཆེད་ལེགས་སྐྱེས་ཕྲན་བུ་འབུལ་ཐུབ་པའི་རེ་བ་ཡང་གནང་གི་འདུག
“‘ས་བབ་མཐོ་བའི་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར’ནི་ངས་ད་རེས་འབུལ་རྩིས་ཡོད་པའི་གྲོས་གཞི་ཞིག་ཡིན། དུས་ཡུན་རིང་པོར་བརྟག་དཔྱད་བྱས་པ་བརྒྱུད། ཞིང་འབྲོག་ཁུལ་གྱི་མང་ཚོགས་ཚོ་དུས་ཡུན་རིང་པོ་ཕྱི་རོལ་དུ་ཕྱུགས་འཚོ་དགོས་པས། གསོ་རླུང་དཀོན་པ་དང་མཐོ་གྲང་གནམ་གཤིས་ཀྱི་ཤུགས་རྐྱེན་ཕོག་རྐྱེན་ཁྲག་ཤེད་མཐོ་བའི་ནད་དང་། ས་མཐོའི་རང་བཞིན་གྱི་ཁྲག་ཤེད་མཐོ་བའི་ནད། གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ས་མཐོའི་རང་བཞིན་གྱི་ནད་གཞི་ཕོག་པའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་། དེར་བརྟེན་རྫོང་དང་ཤང་ཚང་མར་གསོ་རླུང་ས་ཚིགས་བཙུགས་ནས་རིམ་བཞིན་གྲོང་ཚོ་བར་ཁྱབ་གདལ་བཏང་སྟེ་དུད་ཚང་ཚང་མར་གསོ་རླུང་མཁོ་འདོན་བྱེད་པ་མ་ཟད། ལོ་བཞི་བཅུ་ཡན་སླེབས་པའི་མང་ཚོགས་ལ་མི་སྒེར་གྱི་གཟུགས་པོའི་གནས་ཚུལ་གཞིར་བཟུང་། ཉིན་ལྟར་གསོ་རླུང་འོས་འཚམ་རྔུབ་དགོས་པའི་ལྕག་སྐུལ་བྱེད་དགོས། དེ་དང་ཆབས་ཅིག རྫོང་དང་ཤང་ཚང་མར་བོད་ལུགས་གསོ་རིག་གི་ལུམས་བཅོས་ཁང་བསྐྲུན་ནས་གྲུམ་བུ་ཚིགས་ཆེན་གྱི་ནད་སྔོན་འགོག་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན”ཞེས་བཀྲ་ཤིས་དོན་གྲུབ་ཀྱིས་གསར་འགོད་པར་གསུངས་པ་དང་། ཁོང་གིས“གསོ་རླུང་བཟོ་བ་དང་མཁོ་འདོན་གྱི་ལས་དོན་དེ་གལ་སྲིད་ལྗོངས་ཡོངས་ཀྱི་ས་བབ་མཐོ་བའི་རྫོང་དང་ཤང་དུ་ཁྱབ་གདལ་བཏང་ཚེ་ཞིང་འབྲོག་པ་ཁྲི་སྟོང་མང་པོར་བདེ་སྐྱིད་བསྐྲུན་ཐུབ་ངེས་རེད”ཅེས་གསུངས།
“ངས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པའི་ངོས་ནས་སྔར་བཞིན་མི་སེར་གྱི་དགོས་མཁོར་དོ་ཁུར་བྱས་ཏེ་མི་དམངས་ཀྱི་ཡིད་ཆེས་དང་རེ་སྒུག་ཆུད་ཟོས་གཏན་ནས་གཏོང་གི་མིན”ཞེས་བཀྲ་ཤིས་དོན་གྲུབ་ཀྱིས་གསུངས་པ་རེད།