དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་ལེའུ་མཉམ་དུ་རྩོམ་དགོས།

    —— རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-06

    ཆེད་བརྗོད།

    ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་བསྣམས་ཏེ། རྒྱལ་སར་མཉམ་འཛོམས་དང་རྒྱལ་ཇུས་མཉམ་གྲོས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་འགོ་ཚུགས་ཡོད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

    འདས་ཟིན་པའི་ལོ་གཅིག་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མི་དམངས་དུང་ཕྱུར་མང་པོས་མཐུན་སྒྲིལ་འབད་འཐབ་དང་། ཞུམ་མེད་ཡར་བརྩོན། དཀའ་སྤྱད་མདུན་སྐྱོད། གཞུང་འཁྱོངས་གསར་འབྱེད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་གོམ་སྟབས་བརྟན་པོ་སྤོས་པ་དང་། ཉམས་ཉེན་སེལ་བ་དང་། དཀའ་གནས་སྒྲོལ་བ། འགྱུར་ལྡོག་ལ་ཁ་གཏད་གཅོག་པ་བཅས་ཀྱི་ཁྲོད་དུ་གོ་སྐབས་གསར་པ་དང་གྲུབ་འབྲས་གསར་པ་བཏོད་ཡོད་ལ། འཐབ་ཇུས་ཀྱི་རང་འགུལ་ཡང་བྱུང་ནས་གདེང་ཚོད་དང་གདིང་ཤུགས་ཇེ་ཆེར་ཕྱིན་ཡོད། ལོ་གཅིག་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པར་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ནས་ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱས་པ། བརྟན་ཐོག་ཡར་འཕེལ་ཡོང་བར་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བས་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི། ཕྱི་ཕྱོགས་འགྲོ་འོང་། རང་ངོས་འཛུགས་སྐྱོང་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་སྟེ་འགོ་ཡག་པོ་ཞིག་རྩོམ་ཐུབ་ཡོད།

    ད་ལོ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བའི་ལོ་རེད། ལོ་70ཡི་རིང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱིས་ཏང་གིས་མི་དམངས་ལ་འགོ་ཁྲིད་ནས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཀྱི་ངོ་མཚར་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་གཏོད་པར་ལམ་ལུགས་ཀྱི་འགན་ལེན་གལ་ཆེན་བྱས་ཡོད། ལྷག་པར་དུ་དུས་རབས་གསར་པ་ཤར་ཚུན་དུ་མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད་ལ། མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་དང་དེ་བས་གཏན་འཁེལ་ཡང་བྱུང་ཡོད། ལག་ལེན་ལས་ར་འཕྲོད་གང་ལེགས་ཐུབ་པར། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་རྒྱལ་འབབ་དང་དོན་དངོས་དང་མཐུན་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པ། མི་དམངས་རང་ཁྱིམ་རང་བདག་ལ་འགན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ལ་འགན་ལེན་བྱེད་པ་བཅས་ཀྱི་ལམ་ལུགས་ཡག་པོ་ཞིག་དང་། རང་རེའི་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ལོ་རྒྱུས་ཐོག་གི་གསར་གཏོད་རླབས་པོ་ཆེ་ཞིག རང་རྒྱལ་གྱི་ཆབ་སྲིད་འཕེལ་རྒྱས་ལོ་རྒྱུས་དང་ཐ་ན་འཛམ་གླིང་གི་ཆབ་སྲིད་འཕེལ་རྒྱས་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་ཆབ་སྲིད་ལམ་ལུགས་གསར་རྐྱང་ཞིག་བཅས་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་ལག་བསྟར། རྒྱུན་ཆད་མེད་པར་འཕེལ་རྒྱས་བཅས་གཏོང་དགོས།

    སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་དམངས་ནི་ཐག་གཅོད་རང་བཞིན་གྱི་སྟོབས་ཤུགས་ཤིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་ཡིན་ལ། ཉེན་ཁ་དང་འགྲན་སློང་གིས་ཁེངས་ཤིང་དཀའ་སྤྱད་འབད་བརྩོན་བྱེད་དགོས་པའི་བྱ་གཞག་རླབས་པོ་ཆེ་ཞིག་ཀྱང་ཡིན་པས། ངེས་པར་དུ་མི་དམངས་ཡོངས་མཉམ་དུ་ཞུགས་པ་དང་། མཉམ་དུ་འཛུགས་སྐྲུན། མཉམ་དུ་ལོངས་སྤྱོད་བཅས་མཐའ་འཁྱོངས་བྱེད་དགོས་ལ། མི་དམངས་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་བྱ་གཞག་ཆེན་པོ་མཉམ་དུ་སྒྲུབ་པར་ཡང་དམ་པོར་བརྟེན་དགོས། མདུན་སྐྱོད་ཀྱི་ལམ་བུའི་ཐོག་མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་ཀྱིས་མི་དམངས་ཡོངས་ཀྱི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་འཕེལ་བ་དང་། མི་དམངས་ཁྲོད་ཀྱི་རྫོགས་མཐའ་མེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ། སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཆགས་པ་བཅས་བྱས་ཚེ། གཞི་ནས་བརྗིད་ཆེའི་འཆར་གཞི་རེ་རེ་བཞིན་མངོན་འགྱུར་ཡོང་ཐུབ།

    བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་འབྲེལ་ཐག་ཧྲིལ་པོ་དང་། ཕྱོགས་ཡོངས། ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་དམངས་གཙོ་ཞིག་དང་། ཆེས་རྒྱ་ཆེ་བ་དང་། ཆེས་དངོས་ཡོད། ཆེས་སྤྱོད་གོ་ཆོད་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཞིག་རེད། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཞིག་རེད། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་མཐའ་འཁྱོངས་བྱས་ཏེ། མི་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱས་ནས་དེ་བས་རྒྱ་ཁྱབ་དང་། དེ་བས་གང་ལེགས། དེ་བས་འཐུས་ཚང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་ཚེ། མི་དམངས་རང་ཁྱིམ་རང་བདག་དེ་ཏང་གིས་རྒྱལ་སྲིད་སྐྱོང་བའི་སྲིད་ཇུས་དང་བྱེད་ཐབས་ཐོག་ཞིབ་ཕྲ་དང་དངོས་ཡོད་ཀྱི་སྒོ་ནས་མཚོན་ཐུབ་པ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕྱོགས་ཁག་དང་རིམ་པ་ཁག་གི་ལས་ཀའི་ཐོག་ཞིབ་ཕྲ་དང་དངོས་ཡོད་ཀྱི་སྒོ་ནས་མཚོན་ཐུབ་པ། མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་མི་དམངས་ཀྱི་འདུན་པ་མངོན་འགྱུར་བྱེད་པའི་ལས་ཀའི་ཐོག་ཞིབ་ཕྲ་དང་དངོས་ཡོད་ཀྱི་སྒོ་ནས་མཚོན་ཐུབ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཁོར་རྒྱུག་ཡག་པོ་བཅས་བྱས་ནས་མི་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་རྒྱལ་ཁབ་ཀྱི་དབང་ཆ་ནུས་ལྡན་ངང་སྤྱོད་རྒྱུར་འགན་ལེན་བྱེད་པ་དང་། མི་དམངས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་གང་ལེགས་འཕེལ་བར་བྱས་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

    ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད། དེས་ན་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། སེམས་ཤུགས་གཅིག་སྒྲིལ་དང་། ངར་ཤུགས་གཅིག་སྒྲིམ། གསར་འབྱེད་ཡར་བརྩོན་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་ལེའུ་མཉམ་དུ་རྩོམ་དགོས། རྒྱ་ཆེའི་འཐུས་མི་ཚོས་མི་དམངས་ཁྲོད་ནས་ཡོང་བ་དང་མི་དམངས་ཁྲོད་དུ་རྩ་བ་ཚུགས་པའི་ལེགས་ཆ་འདོན་སྤེལ་གྱིས་དམངས་ཀྱི་འདུན་པ་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱས་ཏེ། རང་འགན་གཙང་སྒྲུབ་དང་འབད་འབུངས་སྟོབས་བརྩོན་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད།

    ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།