ཨུ་ཡོན་པད་མ་གཡུ་སྒྲོན་གྱིས་གསུངས་དོན།
བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་དགོས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་གི་རིམ་པ་དང་པོའི་ཁྲིམས་དཔོན་པད་མ་གཡུ་སྒྲོན་གྱིས་གཞི་རིམ་མི་དམངས་ཁྲིམས་ཁང་གིས་ལས་དོན་རྒྱུན་ཆད་མེད་པར་སྣུར་སྲིང་དང་། གཏུག་བཤེར་མིན་པའི་ལམ་སྲོལ་སྔོན་ལ་འཇོག་པ། སྦྲེལ་མཐུད་བདེ་བླག་ཐུབ་པ་དང་མཐུན་སྦྱོར་གོ་རིམ་ལྡན་པའི་སྣ་མང་ཅན་གྱི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་མ་ལག་འཛུགས་པ་དང་འགལ་ཟླ་གང་མགྱོགས་སེལ་བ་བཅས་བྱས་ནས་མང་ཚོགས་ཀྱི་གཏུག་བཤེར་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས་པའི་ངོས་འཛིན་གནང་བ་རེད།
པད་མ་གཡུ་སྒྲོན་གྱིས“མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་གིས་གཏུག་བཤེར་གྱི་ཡོང་ཁུངས་བཅོས་སྒྲིག་ཧུར་ཐག་བྱས་ཏེ་སྣ་མང་གི་རྩོད་གཞི་ཐག་གཅོད་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་དང་གཏུག་བཤེར་གྱི་ཡོང་ཁུངས་བཅོས་སྒྲིག་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས། ཁྲིམས་སྐྱོང་གི་སྟོབས་ཤུགས་དེ་བས་མང་བ་ཁྲིད་སྟོན་དང་ལམ་སྟོན་གྱི་ཕྱོགས་ལ་ནུས་ཤུགས་འདོན་རྒྱུར་སྐུལ་འདེད་བཏང་ཡོད། བཅའ་ཁྲིམས་ཞབས་ཞུའི་དམངས་ཕན་འབྲེལ་གཏུག་གཱ་སྤྲོད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་མང་ཚོགས་དང་ཁྲིམས་དཔོན་དབར་འབྲེལ་ཟམ་བཙུགས་ནས་ཁོངས་གཏོགས་ཁུལ་དུ་བཅའ་ཁྲིམས་ཀྱི་དགོས་མཁོ་ཡོད་པའི་མང་ཚོགས་ཀྱིས་དུས་ཐོག་དང་སྔ་ཙམ་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་ཐོབ་པར་བྱས་ཏེ་བཅའ་ཁྲིམས་ཀྱི་རྩོད་གཞི་སྣ་ཚོགས་མྱུར་དུ་ཐག་གཅོད་ཐུབ་པར་བྱས་ཡོད། རྩོད་གཞི་ཡོད་པའི་བཅའ་ཁྲིམས་ཀྱི་གྱོད་གཞི་ཁག་གཅིག་ལ་དམིགས་ནས་ང་ཚོས་ཁོངས་གཏོགས་ཤང་དང་གྲོང་རྡལ་དང་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་དང་དུས་ཐོག་ཏུ་འབྲེལ་བ་བྱས་ཏེ། སྔ་ཙམ་དེའི་ནང་ཞུགས་ཏེ་ཁྲིམས་འཛིན་དང་གཞི་རིམ་བཅོས་སྒྲིག་སྟོབས་ཤུགས་དབར་གྱི་འབྲེལ་བར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་གཏུག་བཤེར་གྱི་ཡོང་ཁུངས་བཅོས་སྒྲིག་མ་ལག་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་བཏང་ཡོད། གཏུག་བཤེར་གྱི་ཡོང་ཁུངས་བཅོས་སྒྲིག་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་དེ་ཐོག་ནས་ཁྲིམས་ཁང་གི་ལས་ཀའི་འགན་འཁྲི་རྒྱུན་ཆད་མེད་པར་སྔ་བསྣུར་ནས་བསྒྲུབས་ཏེ། གཞི་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་འཇོན་ཐང་དང་ཞབས་ཞུའི་རྣམ་འགྱུར་ཚང་མར་བླང་བྱ་དེ་བས་མཐོ་བ་བཏོན་པ་མཚོན་ཡོད། གཏུག་བཤེར་གྱི་ཡོང་ཁུངས་བཅོས་སྒྲིག་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ལ་སྐུལ་འདེད་ནུས་ལྡན་གཏོང་བ་ནི་སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་སྣ་མང་ཅན་བསལ་བའི་རྣམ་པ་གསར་པ་ཞིག་ཆགས་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་འགན་ལེན་ནུས་ལྡན་ཐུབ་སྟེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་གི་རེད”ཅེས་གསུངས་པ་རེད།