རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ལིའུ་ཅེ་དབྱི་ཡིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་ཟླ་3ཚེས་4ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པར་མི་དམངས་ཚོགས་ཁང་ཆེ་མོར་འཚོག་རྒྱུ་དང་ཟླ་3ཚེས་10ཉིན་གྱི་སྔ་དྲོ་གྲོལ་རྒྱུ་དང་འབྲེལ་ཚོགས་ཡུན་ཉིན་6ཡིན་པའི་ཁྱབ་བསྒྲགས་གནང་བ་རེད།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གསར་འགྱུར་མགྲིན་ཚབ་པས་ཀྲུང་ཕྱིའི་གསར་འགོད་པ་དང་སྤེལ་རེས་གཏིང་ཟབ་བྱས་པ་དང་། ཆུ་ཚོད་1ལྷག་ཙམ་རིང་ཀྲུང་ཕྱིའི་གསར་འགོད་པས་བཏོན་པའི་འདྲི་བ་10ལ་ལན་བསྐྱོན་པ་རེད།
མི་དམངས་ཚོགས་ཁང་ཆེ་མོའི་ཐོག་སོ་དང་པོའི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་དུ་མི་ཚོགས་ཀྱིས་ཁེངས་ནས་སྡོད་ས་གཅིག་ཀྱང་མེད། ཀྲུང་ཕྱིའི་གསར་འགོད་པས་བརྙན་ལེན་འཕྲུལ་ཆས་དང་པར་ཆས་སོགས་བརྒྱུད་དེ་འཛམ་གླིང་ལ་ཡོངས་བསྒྲགས་ཚོགས་འདུའི་གནས་ཚུལ་གསར་ཤོས་འཕྲིན་སྤེལ་བྱས་པ་རེད།
ལིའུ་ཅེ་དབྱི་ཡིས། ཚོགས་ཆེན་རིང་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུ་དང་དེ་བཞིན་ཚོགས་ཆེན་གྱི་གཏམ་བཤད་ཐེངས་གཉིས་བཀོད་སྒྲིག་བྱ་རྒྱུ་དང་། ཨུ་ཡོན་གྱི་བཞུགས་གནས་ཁག་ཏུ་རིགས་ཁོངས་ཀྱི་མཉམ་འབྲེལ་ཚོགས་ཆུང་ཚོགས་འདུ་དང་ཨུ་ཡོན་གྱི་རིགས་ཁོངས་ཚོགས་ཆུང་གི་ཚོགས་འདུ་ཐེངས་མང་འཚོག་རྒྱུ། རིགས་ཁོངས་ཁག་གཅིག་ཏུ་རིགས་ཁོངས་ཀྱི་གྲོས་མོལ་ཚོགས་འདུ་ཐེངས་གཅིག་འཚོག་རྒྱུ། འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུའི་ཐོག་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པ་ཟུར་ཉན་བྱེད་པར་གདན་ཞུ་བྱ་རྒྱུ། ཚེས་3ཉིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཕུད་ཚོགས་ཆེན་གྱིས་ད་དུང“ཨུ་ཡོན་བགྲོད་ལམ”གྱི་བཅར་འདྲིའི་བྱེད་སྒོ་ཐེངས་གསུམ་སྤེལ་རྒྱུ་ཡིན། ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་གྲ་སྒྲིག་བྱས་ཟིན་ཞེས་གསུངས་པ་རེད།
ལིའུ་ཅེ་དབྱི་ཡིས། འདི་ལོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་ཚད་ལས་འགན་ལ་མུ་མཐུད་དམིགས་ཏེ་ཇུས་འདོན་ཤུགས་འདོན་དང་། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་གལ་ཆེན། འཕེལ་རྒྱས་ཁྲོད་ཀྱི་དངོས་ཡོད་གནད་དོན་གལ་ཆེན་བཅས་ལ་དམ་པོར་དམིགས་ནས་འགན་སྒྲུབ་གྲོས་འདོན་བྱ་རྒྱུ་རེད་ཅེས་གསུངས་པ་རེད།
ཨུ་ཡོན་ཚོས་དོ་ཁུར་ཆེན་པོ་གནང་སའི་དཔལ་འབྱོར་གྱི་གྲོས་དོན་ནི་སྲིད་གྲོས་ཀྱིས་གྲོས་མོལ་སྲིད་གླེང་བྱེད་པའི་གཙོ་གནད་རེད། ལིའུ་ཅེ་དབྱི་ཡིས། སྲིད་གྲོས་ཀྱི་ཨུ་ཡོན་ཚོས་འདས་ཟིན་པའི་ལོ་གཅིག་ནང་རང་རྒྱལ་གྱི་དཔལ་འབྱོར་སྤྱིའི་ཆ་ནས་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ཕུན་སུམ་ཚོགས་པོས་མངོན་འགྱུར་བྱུང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ཏན་ཏིག་ཐེབས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པར་གོམ་སྟབས་བརྟན་པོ་སྤོས་པ་བཅས་ཀྱི་ངོས་འཛིན་མགྲིན་གཅིག་ཏུ་གནང་ཡོད་ཅེས་གསུངས་པ་རེད།
དཔལ་འབྱོར་གྱི་དུས་བབ་ལ་རྗེས་སྙེག་ཞིབ་འཇུག་གཏིང་ཟབ་བྱས་ནས་ཚན་རིག་དང་མཐུན་པའི་དམངས་གཙོའི་ཐབས་ཇུས་ལ་དཔྱད་གཞི་མཁོ་འདོན་བྱེད་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”དང་མི་དམངས་ཀྱི་དོ་ཁུར་ལ་དམིགས་ནས་གྲོས་མོལ་སྲིད་གླེང་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ། མངོན་གསལ་དོད་པའི་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུར་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་ཐག་གཅོད་བྱ་ཆེད་ཐབས་འདོན་ཇུས་འདོན་བྱེད་པ་སོགས་རྒྱལ་ཡོངས་སྲིད་གྲོས་ཀྱིས་གཞི་ཆེའི་དཔལ་འབྱོར་དང་དཔལ་འབྱོར་གྱི་གྲོས་གཞི་གལ་ཆེན་རབ་དང་རིམ་པར་གྲོས་མོལ་སྲིད་གླེང་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་ལྡན་གྱི་ལས་དོན་ཏན་ཏིག་སྤེལ་ཡོད།
དམངས་གཉེར་དཔལ་འབྱོར་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གསར་པ་ཞིག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་ཞིག་རེད། འདས་ཟིན་པའི་ལོ་གཅིག་ནང་རྒྱལ་ཡོངས་སྲིད་གྲོས་ཀྱིས་ས་གནས་སྲིད་གྲོས་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་སོགས་དང་མཉམ་དུ་དམངས་གཉེར་ཁེ་ལས་ཀྱི་གཉེར་སྐྱོང་ཁྲོད་འཕྲད་པའི་དཀའ་ངལ་དངོས་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་དང་འབྲེལ། གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལས་སྟེགས་འཚོལ་ཞིབ་བྱས་ནས་བཙུགས་ཏེ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་སྒུལ་ཤུགས་ཀྱང་བསྣན་ཡོད།
ལས་ཞུགས་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད། ལིའུ་ཅེ་དབྱི་ཡིས། སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ནང་ཞུགས་མཁན་ཚན་པ་ཁག་གིས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་བར་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བ་དང་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་སོགས་ལ་ཐབས་ཇུས་དང་གྲོས་འགོ་བཏོན་པ་དང་གྲོས་གཞི་91ཕུལ་ཏེ་གནད་དོན་དངོས་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།
“འདི་ལོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་དཔལ་འབྱོར་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་ཐད་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་གྲོས་མོལ་སྲིད་གླེང་བྱས་ཏེ་སྲིད་དོན་ཇུས་འབུལ་ཧུར་ཐག་བྱེད་པ་དང་ལས་རིགས་ཁག་གི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་རྒྱུ་རེད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། རང་རྒྱལ་གྱི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། མི་མངོན་པའི་སྟོབས་ཤུགས་ཆེ་བ། གསོན་ཤུགས་ཆེ་བ་བཅས་ཡོད་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བཟང་པོ་དང་མཐུན་རྐྱེན་ལྡན་པ་མ་ཟད། དཔལ་འབྱོར་ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་དུས་བབ་མུ་མཐུད་བརྟན་དུ་དང་ཆེ་རུ་འགྲོ་ངེས་ཡིན་ལ། འོད་ཟེར་ལྡན་པའི་མདུན་ལམ་ཡང་ཡོད”ཅེས་ལིའུ་ཅེ་དབྱི་ཡིས་གསུངས།
2023ལོ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་ལོ་ཞིག་རེད། ལིའུ་ཅེ་དབྱི་ཡིས། ལོ་བཅུའི་ལག་ལེན་ལས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དེ་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་རླབས་རྒྱུན་དང་མཐུན་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ། ལམ་མདོར་གནས་པའི་འཛམ་གླིང་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་པ་གསལ་བཤད་གང་ལེགས་བྱས་ཡོད་ཅེས་གསུངས་པ་རེད།
མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་ཆེད་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱ་རྒྱུ་དེ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཕྱི་ཕྱོགས་ལས་དོན་གྱི་ཤུགས་རྒྱག་ས་གལ་ཆེན་ཞིག་རེད། ལོ་གཅིག་རིང་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱལ་ཁབ་50ལྷག་ཙམ་གྱི་སྒྲིག་གཞི་200ལྷག་ཙམ་དང་སྤེལ་རེས་མཉམ་འགུལ་བྱས་པ་དང་། ཕྱི་རྒྱལ་གྱི་ཇུས་འདོན་ཚོགས་པ་41དང་དམངས་ཁྲོད་རྩ་འཛུགས་12དང་འབྲེལ་བ་གསར་པ་བཙུགས་པ། ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་དང་། ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པ། མཐོ་རིམ་མཁས་པ་སློབ་སྐོར་བ་བཅས་སྲིད་གྲོས་སུ་གདན་ཞུ་བྱས་པ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུང་ཧྥེའི་མཛའ་གྲོགས་ཚོགས་ཆུང་བཙུགས་པ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་གྲུབ་འབྲས་དྲིལ་བསྒྲགས་འོས་སྦྱོར་བཅས་བྱས་ཡོད།
“རྒྱལ་ཁབ་མི་འདྲ་བའི་མི་དམངས་དེ་བས་མང་བར་སྤུས་ཚད་མཐོ་བའི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་འཕེལ་རིམ་ཁྲོད་ནས་སྲིད་ཇུས་འབྲེལ་མཐུད་དང་སྒྲིག་བཀོད་འབྲེལ་མཐུད་ཀྱི་ཕན་འབྲས་ཐོབ་པ་དང་ཚོང་དོན་ཤར་གཏོང་དང་མ་དངུལ་རྒྱུན་འཁོར་གྱི་དངོས་ཕན་ལོངས་སྤྱོད་ཐུབ་པ་མ་ཟད། དམངས་སེམས་འབྲེལ་བའི་དྲོ་སྐྱིད་ཚོར་ཐུབ་པ་བྱུང་ཡོད”ཅེས་ལིའུ་ཅེ་དབྱི་ཡིས་གསུངས་པ་རེད།
ལིའུ་ཅེ་དབྱི་ཡིས། འདི་ལོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཕྱི་ཕྱོགས་དང་སྤེལ་རེས་ཀྱི་བྱེད་སྒོ་རྒྱ་ཁྱབ་དང་གཏིང་ཟབ་སྤེལ་ནས་གྲོགས་པོ་རྒྱ་ཁྱབ་ངང་གང་མང་བསྒྲིགས་ཏེ་འཛམ་གླིང་གིས་ཀྲུང་གོ་ཤེས་རྟོགས་དང་ཀྲུང་གོའི་སྲིད་གྲོས་ཤེས་རྟོགས་དེ་བས་མང་བ་ཐུབ་པར་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།