དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཐུན་སྒྲིལ་བྱས་ནས་སྟོབས་ཤུགས་གཅིག་ཏུ་སྒྲིལ། འབད་འཐབ་བྱས་ནས་བྱ་གཞག་རླབས་ཆེན་གཏོད།

    —— རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-05

    ཆེད་བརྗོད།

    ཟླ་3ཚེས་4ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་འགོ་ཚུགས་ཤིང་། རིགས་ཁོངས་34ནས་ཕེབས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2100ལྷག་ཙམ་གྱིས་རྒྱལ་དོན་མཉམ་གྲོས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འབུལ་བྱེད་པར་འཛོམས་ཡོད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

    ལོ་རྒྱུས་ཀྱི་གནས་ཚད་ཐོག་ནས་འབད་འཐབ་ཀྱི་རྗེས་ཤུལ་མངོན་པས་དེས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་སྤོས་པའི་དཔང་པོ་བྱས་ཡོད། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་ཞིག་རེད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཐེག་པ་དང་ནང་ཁུལ་གྱི་དཀའ་ངལ་ཁྱད་བསད་ཀྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་གཏོང་། དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་ཡོངས་སུ་ལེགས་སྒྲུབ་བྱས་པས། ཐོབ་དཀའ་བ་དང་མི་སེམས་ལ་སྐུལ་མ་ཐེབས་པའི་གྲུབ་འབྲས་ཐོབ་ཡོད། ལོ་གཅིག་རིང་མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་དང་། ལྟེ་བའི་ལས་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་དང་། གྲོས་མོལ་སྲིད་གླེང་། དམངས་གཙོའི་ལྟ་སྐུལ་བཅས་གཏིང་ཟབ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད།

    འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་ལ། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་ཀྱང་ཡིན། ལོ་75ཡི་ལག་ལེན་ཐོག་ནས་མི་དམངས་སྲིད་གྲོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་། སྲིད་ཏང་གི་རིགས་པའི་གཞུང་ལུགས། དམངས་གཙོ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་བཅས་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་ཀྱི་འགོ་ཁྲིད་དེ་ཆབ་སྲིད་ལམ་ལུགས་ལ་གསར་གཏོད་རླབས་པོ་ཆེ་བྱས་པ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད། འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་དང་། ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་སྒྲིག་གཞི། མི་དམངས་དམངས་གཙོའི་མངོན་འགྱུར་བྱེད་སྟངས་གལ་ཆེན་བཅས་ཡིན་པའི་མི་དམངས་སྲིད་གྲོས་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་ཀྱང་རེད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡག་པོ་བཏང་ནས། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཚེ། དུས་རབས་གསར་པའི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ནས་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འཕྲོ་བའི་ལེའུ་གཏོད་ཐུབ་ངེས་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ཞིག་རེད”ཅེས་ནན་བཤད་གནང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཐོག་ཏུ་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་ཚེ། ང་ཚོས་མདུན་ལམ་ནི་འོད་སྟོང་རབ་ཏུ་འཕྲོ་བ་ཞིག་ཡིན་པ་རྟོགས་མོད། འོན་ཀྱང་རྐང་འོག་གི་ལམ་བུ་ནི་ཡངས་ཤིང་ཁོད་སྙོམས་པ་ཞིག་ཡིན་མི་སྲིད་པས། སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་དང་། འགྲན་སློང་། དཀའ་ངལ་བཅས་སྣ་ཚོགས་དང་ཐ་ན་འཇིགས་སུ་རུང་བའི་གེགས་བར་སྣ་ཚོགས་འཕྲད་སྲིད། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཆབ་སྲིད་ཀྱི་དགེ་མཚན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ་སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་ཡོད་ཚད་སྐུལ་སློང་དང་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་ཡོད་ཚད་མཐུན་སྒྲིལ་གྱིས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ངར་ཤུགས་ཕྱོགས་གཅིག་ཏུ་བསྒྲིལ་ན། གཞི་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེར་རྒྱལ་ཁའི་ངང་སྐུལ་འདེད་གཏོང་ཐུབ། མདུན་སྐྱོད་ཀྱི་ལམ་བུར་ང་ཚོས་ཏང་དར་འོག“སྲ་ཞིང་བརྟན་པའི་ངར་ལྕགས་ཤིག”ལྟར་མཐུན་སྒྲིལ་བྱེད་པ་དང་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལྟེ་བའི་སྒོར་དབྱིབས་ཆེ་ཤོས་ཡག་པོ་བྲིས་ཏེ་མཐུན་སྒྲིལ་ལ་བརྟེན་ནས་སྟོབས་ཤུགས་གཅིག་ཏུ་འགྲིལ་བ་དང་འབད་འཐབ་བྱས་ནས་བྱ་གཞག་རླབས་པོ་ཆེ་བཏོད་ཚེ། དཀའ་ངལ་གང་རུང་གིས་ང་ཚོའི་ངར་ལྕགས་ལྟ་བུའི་སྙིང་སྟོབས་ལ་གཡོ་འགུལ་གཏོང་མི་ཐུབ་པ་དང་། དཀའ་ངལ་གང་རུང་གིས་ང་ཚོའི་བློ་རྩ་བརྟན་པའི་གོམ་སྟབས་བཀག་འགོག་མི་ཐུབ་པར། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོ་རླུང་བརྟེན་རླབས་གཤགས་ཀྱིས་མདུན་སྐྱོད་བྱེད་ཐུབ་ངེས་རེད།

    གྲོས་མོལ་དམངས་གཙོ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་ཁབ་བཅོས་སྐྱོང་ནུས་ལྡན་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱེད་པའི་ལམ་ལུགས་ཀྱི་ཇུས་འགོད་གལ་ཆེན་ཞིག་ཡིན་པ་དང་། མི་དམངས་སྲིད་གྲོས་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་གྱི་སྒྲིག་གཞི་ཞིག་ཀྱང་རེད། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་གཏོང་ཕན་ཚུན་འབྲེལ་མཐུད་དང་སྲིད་དོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་གྱི་ཕྱོགས་གཉིས་ནས་ནུས་པ་འདོན་རྒྱུ་མཐའ་འཁྱོངས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས་བཅས་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཚེ། མི་དམངས་སྲིད་གྲོས་ཀྱིས་དུས་རབས་གསར་པའི་འགན་འཁྲི་སྔར་བས་ཡག་པོ་ཁུར་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་ངེས་རེད།

    ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་རྒྱུན་མཐུད་དམ་འཛིན་ཡག་པོ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་འཆར་འགོད་དེ་རིམ་བཞིན་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་དགོས། གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་ལམ་གསར་པར་མདུན་སྐྱོད་བྱེད་པར་མི་དམངས་སྲིད་གྲོས་ཀྱི་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲིའང་ལྕི་པོ་ཡོད། སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ་དང་། རང་འགན་གཙང་སྒྲུབ་ནན་ཏན་བྱེད་པ། དྲང་གཏམ་ཤོད་པ་དང་། ཐབས་ཇུས་བཟང་པོ་འདོན་པ། ཐབས་ཇུས་གནད་འཁེལ་འདོན་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

    ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།