རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པས་གྲ་སྒྲིག་ཚོགས་འདུ་འཚོགས་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་དང་པོ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲ་སྒྲིག་ཚོགས་འདུ་འཚོགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེ་བདམས་ཐོན་བྱུང་བ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པར་ད་ཡོད་འཐུས་མི་2956ཡོད་པ་དང་ཟླ་3ཚེས་3ཉིན་བར་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་འབྱོར་ཐོ་བཀོད་པའི་འཐུས་མི་2897ཡོད། ཚེས་4ཉིན་གྱི་གྲ་སྒྲིག་ཚོགས་འདུར་འཐུས་མི་2853ཞུགས་པ་དང་འཐུས་མི་103ཞུགས་ཐུབ་མེད། ཚོགས་འདུར་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
ཀྲའོ་ལེ་ཅི་ཡིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་2024ལོའི་ཟླ་3ཚེས་5ཉིན་འཚོག་རྒྱུ་དང་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་ཚང་མ་བསྒྲུབས་ཟིན་པའི་ཁྱབ་བསྒྲགས་གནང་བ་རེད།
ཀྲའོ་ལེ་ཅི་ཡིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་མཛུབ་ཁྲིད་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་། འཐུས་ཚང་། འཁོར་སྐྱོད་བཅས་ཡག་པོ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ་བཅས་བྱས་ཏེ་ཚོགས་ཆེན་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ནས་དར་ཆ་མཐོན་པོར་སྒྲེང་བ་དང་། དངོས་འཛིན་དངོས་སྒྲུབ། མཐུན་སྒྲིལ་འབད་འབུངས་བཅས་ཀྱི་ཚོགས་ཆེན་ཞིག་འཚོག་རྒྱུ་ཡིན་ཞེས་གསུངས་པ་རེད།
གྲ་སྒྲིག་ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེ་བདམས་ཐོན་བྱུང་བ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་མི་181ལས་གྲུབ་པ་དང་ལི་ཧུང་ཀྲུང་ཚོགས་ཆེན་གྱི་དྲུང་ཆེར་བསྐོས་པ་རེད།
བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི་ཚོགས་འདུའི་གྲོས་རིམ་གཞིར་བཟུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་རྒྱུ་དང་། 2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན་དང་། 2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན། 2023ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན། 2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་གནང་རྒྱུ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིར་གྲོས་ཞིབ་གནང་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་རྒྱུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་རྒྱུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་རྒྱུ་བཅས་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཀྲུའུ་ཞི་ཚོགས་པའི་ཚོགས་འདུར་ཕེབས་དགོས་པའི་འཐུས་མི་181ཡོད་ཅིང་། དངོས་སུ་འཐུས་མི་180ཕེབས་ཡོད་པ་དང་། འཐུས་མི་1ཕེབས་ཐུབ་མེད་པས། ཚོགས་འདུར་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
ཚོགས་འདུའི་ཐོག་དང་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བདམས་པ་རེད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་འགན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཆེ་བཅས་ཀྱིས་འཁུར་རྒྱུ་དང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་སྐོང་ཚོགས་དང་གཙོ་སྐྱོང་གནང་རྒྱུ་རེད།
ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཉིན་རེའི་གྲོས་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཉིན་རེའི་གྲོས་རིམ་གཞིར་བཟུང་ད་ཐེངས་ཀྱི་ཚོགས་ཆེན་ཟླ་3ཚེས་5ཉིན་གྱི་སྔ་དྲོར་འགོ་འཛུགས་རྒྱུ་དང་། ཟླ་3ཚེས་11ཉིན་གྱི་ཕྱི་དྲོ་གྲོལ་རྒྱུ་ཡིན་ཞིང་། ཚོགས་ཡུན་ཉིན་7ཡིན་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་དོན་གྲོས་ལམ་སྲོལ་གྱི་གཏན་འབེབས་ལ་གཞིགས་ན། ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུའུ་ཞི་ཚོགས་པའི་ཁོངས་མི་འགའ་ཞིག་བདམས་ནས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཁག་གི་ལག་བསྟར་ཀྲུའུ་ཞིའི་འགན་སོ་སོར་འཁུར་རྒྱུ་རེད། བརྡས་ཐག་བཅད་པ་བརྒྱུད་ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་བདམས་པ་རེད།
ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ལིའུ་ཆི་དང་། ལིའུ་ཅུན་ཁྲེན། ཤིན་ཁྲུན་དབྱིང་། ལོའུ་ཆིན་ཅན། ཁུང་ཧྲའོ་ཤུན། ལིའུ་ཅན་པོ་བཅས་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པར་གཏན་འཁེལ་བྱས་པ་དང་། ཚོགས་འདུའི་ཐོག་ལོའུ་ཆིན་ཅན་གྱིས་ཚོགས་ཆེན་གྱི་མགྲིན་ཚབ་པ་གཅིག་ལྕོགས་གནང་རྒྱུའི་གཏན་འཁེལ་བྱས་པ་རེད།
ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ཚོགས་ཆེན་འཚོག་རིང་། འཐུས་མིའི་གྲོས་འཆར་འདོན་མཚམས་འཇོག་པའི་དུས་ཚོད་ཟླ་3ཚེས་8ཉིན་གྱི་ཆུ་ཚོད་12བར་ཡིན་པའི་གཏན་འཁེལ་བྱས་པ་རེད། ཚོགས་འདུའི་རིང་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མི་ཚོགས་པ་དང་འཐུས་མིས་ཚོགས་ཆེན་འཚོག་རིང་བཏོན་པའི་གྲོས་འཆར་ལ་ཞིབ་འཇུག་གནང་རྒྱུ་དང་། ཐག་གཅོད་བསམ་འཆར་འདོན་རྒྱུ་མ་ཟད། ཀྲུའུ་ཞི་ཚོགས་པར་གཏན་འབེབས་བྱེད་པར་སྙན་སེང་འབུལ་རྒྱུ་རེད།