《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སྐོར་མདོར་བསྟན་པ》ཡི་སློབ་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དེ་སློབ་གཞིའི་ནང་བཅུག་པ་དང་། སློབ་ཁྲིད་བྱེད་པ། བསམ་བློའི་ནང་ཟུག་པར་སྔར་བས་སྐུལ་འདེད་གཏོང་བ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་གཞི་རྩའི་ལས་འགན་དོན་འཁྱོལ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སྐོར་མདོར་བསྟན་པ》ཡི་སློབ་གཞི་རྩོམ་སྒྲིག་བྱས་པ་རེད། སློབ་གཞི་དེ་ནི་མཐོ་རིམ་སློབ་གསོའི་དཔེ་སྐྲུན་ཁང་དང་མི་རིགས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་པར་སྐྲུན་བྱས་པ་ཞིག་ཡིན་པ་དང་ཚེས་29ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱ་རྒྱུ་རེད།
སློབ་གཞི་དེ་ནི་ཕྱོགས་ཡོངས་ནས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་དང་གཅིག་གྱུར་རྩོམ་སྒྲིག་བྱས་པའི་སློབ་གཞི་ཞིག་ཡིན་པ་དང་། དེ་ནི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ངོ་བོ་ལྡན་པའི་སྤྱི་པའི་སློབ་ཚན་གྱི་སློབ་གཞི་ཞིག་ཡིན་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་ལོ་རྒྱུས་དཔྱད་གཞིའི་མ་ལག་དང་། སྐད་བརྡའི་མ་ལག རིགས་པའི་གཞུང་ལུགས་མ་ལག་བཅས་གཏོད་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་བཅས་རེད། མདོར་བསྟན་པའི་སློབ་གཞི་རྩོམ་སྒྲིག་དཔེ་སྐྲུན་དང་འགྲེམས་སྤེལ་བེད་སྤྱོད་བྱས་པ་དེས་དེ་བས་ལེགས་པའི་སྒོ་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྦྱོང་བསླབ་སྐྱོང་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་། གཞོན་ནུ་སློབ་མར་ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་བྱེད་པ། སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་མྱོང་། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
མདོར་བསྟན་པའི་སློབ་གཞིར་ཁྱོན་སློབ་ཚན་16དང་ཡིག་འབྲུ་ཁྲི་40ལྷག་ཙམ་ཡོད་པའི་ནང་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཕྱོགས་ཡོངས་ནས་མཚོན་པ་དང་། “ཟུང་འབྲེལ་གཉིས”དང་ལྷག་དོན་དུ“ཟུང་འབྲེལ་གཉིས་པའི”རིགས་པའི་གཞུང་ལུགས་གསར་གཏོད་གལ་ཆེན་མཚོན་པ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལག་ལེན་རླབས་པོ་ཆེ་དང་ལོ་རྒྱུས་ཀྱི་གྲུབ་འབྲས་མཚོན་ཡོད། མདོར་བསྟན་པའི་སློབ་གཞིས་ལོ་རྒྱུས་ལ་བརྟེན་ནས་སྒྲུབ་བྱེད་སྨྲ་བ་དང་སྒྲུབ་བྱེད་ལོ་རྒྱུས་ཁྲོད་ནས་བཏོན་པ་མཐའ་འཁྱོངས་བྱས་ཏེ། སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་དང་སློབ་ཁྲིད་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་གཞོན་ནུ་སློབ་མའི་ངེས་ཤེས་ཀྱི་ཁྱད་ཆོས་དང་སློབ་སྦྱོང་གི་གོམས་གཤིས་དང་འཚམ་པར་བྱས་པས་རྩ་བ་གསོ་ཞིང་བློ་སྦྱོང་དང་ལོ་རྒྱུས་ལ་བརྟེན་ནས་མི་སྐྱོང་བའི་བླང་བྱ་མཚོན་ཡོད།