དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི“འགྱུར་བ་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ།

    མཉམ་སྡེབ་དཔལ་འབྱོར་གྱི་རྒྱ་སྟོབས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-04

    ཞིང་པའི་འབབ་འཕར་ཐབས་ལམ་ཉུང་བ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཞན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་གྲོང་གསེབ་ཀྱི་ཐོན་ཁུངས་མ་རྩར་འགྱུར་བ་དང་། མ་དངུལ་མ་རྐང་དུ་འགྱུར་བ། ཞིང་པ་རྐང་བདག་ཏུ་འགྱུར་བ་བཅས“འགྱུར་བ་གསུམ”གྱི་སྒྱུར་བཅོས་ཚོད་ལྟ་བྱས་ཏེ། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི“འགྱུར་བ་གསུམ”གྱི་སྒྱུར་བཅོས་འཕེལ་རྒྱས་མགྱོགས་སུ་བཏང་ནས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པའི་རྒྱ་སྟོབས་ཆེ་རུ་གཏོང་བར་ཐབས་ལམ་འཚོལ་ཞིབ་དང་རྩ་ཆེའི་ཉམས་མྱོང་བསགས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། ཤེས་ལྡན་པས་སྐུལ་ཁྲིད། དཔེ་མཚོན་གྱིས་དཔེ་སྟོན་བཅས་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཐོག་ཏང་འཛུགས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་པར་བརྟེན་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དཔེ་མཚོན་ལ་བརྟེན་ནས་ཚད་ཤིང་འཛུགས་པ་བཅས་བྱས་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་ལེགས་འདེམས་ཧྲག་སྒྲིག་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་པ་རེད། ཁྲེང་ཀོན་ཆུས་ཁྲོམ་གཟིགས་སྒང་སྡེ་ཁུལ་དུ་ཕྱོགས་མི་མང་བར་བརྟེན་སྡེ་ཁུལ་གྱི“ཨུ་ལྷན་གཉིས”དམངས་གཙོའི་འོས་སྦྱོར་དང་བརྟག་དཔྱད་བྱས་པ་བརྒྱུད། ཕྱུག་འགྱུར་སྣེ་ཁྲིད་པ་གཉིས་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་རིགས་ཅིང་ལིར་གཏན་འཁེལ་བྱས་ནས་མཉམ་སྡེབ་དཔལ་འབྱོར་ཇ་ཁང་གི་གཉེར་སྐྱོང་འགན་ཆེད་མངགས་ཁུར་དུ་བཅུག་པས་སྡེ་ཁུལ་གྱི་ཡུལ་མིའི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་མ་ཟད་ད་དུང་མཉམ་སྡེབ་དཔལ་འབྱོར་གྱི་གཉེར་སྐྱོང་དོ་དམ་ལ་བསམ་ཕྱོགས་གསར་པ་མཁོ་འདོན་ཡང་བྱས་ཡོད་པ་རེད།

    དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་གྱིས་མཉམ་འདྲེས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲོང་ཚོའི་མཉམ་སྡེབ་ལ་གྲོང་གསེབ་ཀྱི་བར་མཐོངས་དང་། ཁྱད་ལྡན་ཐོན་ལས། ས་ཁོངས་རིག་གནས་སོགས་ཐོན་ཁུངས་སྣ་ཚོགས་སྤྱི་འདོམས་བེད་སྤྱོད་བྱས་ནས་གྲོང་གསེབ་ཀྱི་བྱེད་ནུས་བཀོད་སྒྲིག་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་ཐོག་ཁྱད་ལྡན་ཐོན་ལས་དང་སྤྲོ་གསེང་ལྟ་སྐོར་སོགས་ཐོན་ལས་མང་པོའི་ལས་རྣམ་འཕེལ་རྒྱས་གཏོང་བར་ལྕག་སྐུལ་བྱས་ནས། ཐོན་ལས་དང་པོ་དང་གཉིས་པ་དང་གསུམ་པ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་རེད། གྲོང་གསེབ་ཀྱི་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་བཏང་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྒྲིག་དང་ཟུང་འབྲེལ་དམ་ཟབ་བྱས་ཐོག སྐྱེ་ཁམས་ཐོན་ཁུངས་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་བ་རེད། ཞབས་ཞུའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་གྲོང་ཚོའི་མཉམ་སྡེབ་ཀྱིས་ཁོངས་མི་ཚོར་ཐོན་སྐྱེད་ལས་སྣོན་དང་སྡེ་ལས་དོ་དམ་སོགས་ཐོན་སྐྱེད་དང་འཚོ་བའི་ཞབས་ཞུ་མཁོ་འདོན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མཉམ་སྡེབ་ཞབས་ཞུའི་ཡོང་འབབ་མང་དུ་བཏང་བ་མ་ཟད་ད་དུང་ཞིང་འབྲོག་པར་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་ཀྱང་བྱས་པ་རེད། རིག་གནས་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་བཏང་ནས་གྲོང་གསེབ་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་རིག་གནས་ཐོན་ལས་ཀྱི་དཔལ་འབྱོར་རིན་ཐང་སྔོག་འདོན་བྱེད་པར་ལྕག་སྐུལ་བྱས་ནས། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ་དང་ཆབས་ཅིག་རིག་གནས་ཀྱང་དར་རྒྱས་ཡོང་བར་བྱས་པ་རེད།

    —— མཐོ་གསར་ཁུལ་སྟག་གདོང་གྲོང་ཚོས་གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ལས་གྲུབ་ཆ་ལེགས་སུ་གཏོང་བ་བཅས་བྱས་ནས“རྒྱ་སེ་མེ་ཏོག་འདེབས་འཛུགས+བཟོ་རྩལ་ཐོན་རྫས་བཟོ་བ+ཆུ་ཚན་ཡུལ་སྐོར”བཅས་ཀྱི་ཐོན་ལས་མང་པོ་མཉམ་འགུལ་བྱེད་སྟངས་ལ་བརྟེན་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བས་ལྷ་སའི་གྲོང་གསེབ་ཡུལ་སྐོར་གྱི་ཚད་ཤིང་ལྟ་བུར་གྱུར་ཡོད་པ་རེད།

    —— 2022ལོར། སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱིས་མུའུ་2000ཟིན་པའི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་འགན་གཙང་བླངས་པ་དང་། སྐྱེ་ཁམས་སླར་གསོར་སྐུལ་འདེད་གཏོང་བ་དང་མཉམ་དུ་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བས་རྩ་འཛུགས་ཀྱི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི་434.11ཟིན་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་གཞོན་པ་ལི་ཧའེ་ཡུན་གྱིས“གོམ་སྟབས་རྗེས་མར། ང་ཚོས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་འཚམ་པའི་ཐབས་ལམ་གསར་པ་དེ་བས་མང་པོ་མུ་མཐུད་འཚོལ་ཞིབ་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི‘རང་རྟེན’ནུས་པ་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག རྒྱ་ཆེའི་ཞིང་འབྲོག་མང་ཚོགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནང་ཞུགས་པའི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ནས་ཕན་འབྲས་ཐོན་པར་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་གི་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།