དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འདི་ལོ་ལྷོ་ཁའི་ཞིང་ནང་ཆུ་བེད་ཆུང་གྲས་ཀྱི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་4000ལྷག་ཙམ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-04

    གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱུང་བར། 2024ལོར་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་ནང་ཆུ་བེད་ཆུང་གྲས་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་4288.04བཏང་བ་དེ། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས་དང་གྲོང་ཁྱེར)12ཀྱི་ཤང་གྲོང་70དང་གྲོང་ཚོ(གྲོང་ལྷན)217དང་འབྲེལ་བ་ཡོད། མིག་སྔར་རྫོང(ཆུས་དང་གྲོང་ཁྱེར)12ཀྱི་རྣམ་གྲངས་ཚང་མ་སྐྲུན་འགོ་ཚུགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་ནང་ཆུ་བེད་ཆུང་གྲས་འཛུགས་སྐྲུན་ལས་དོན་ཏན་ཏིག་སྤེལ་ཏེ། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཞན་ཆ་བསལ་ཞིང་། 《ལྷོ་ཁ་གྲོང་ཁྱེར་གྱི་ཞིང་ནང་ཆུ་བེད་ཆུང་གྲས་ཀྱི་ལས་གྲྭ་འཛུགས་སྐྲུན་གྱི་ཁ་གསབ་རོགས་དངུལ་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཟོས་ནས་བཀྲམ་ཏེ། ལྷོ་ཁ་གྲོང་ཁྱེར་གྱི་ཞིང་ནང་ཆུ་བེད་ཆུང་གྲས་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད། 2024ལོར་གྲོང་ཁྱེར་ཡོངས་ཀྱི་ཞིང་ནང་ཆུ་བེད་ཆུང་གྲས་འཛུགས་སྐྲུན་རྣམ་གྲངས་ལ་བཏང་བའི་མ་དངུལ་ཁྲོད་དུ་གྲོང་ཁྱེར་རིམ་པའི་རྟ་སྒ་ཆ་སྒྲིག་གི་མ་དངུལ་སྒོར་ཁྲི་2400དང་རྫོང་རིམ་པའི་རྟ་སྒ་ཆ་སྒྲིག་གི་མ་དངུལ་སྒོར་ཁྲི་1888.04ཟིན་ཡོད།

    དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས་དང་གྲོང་ཁྱེར)2024ལོའི་ཞིང་ནང་ཆུ་བེད་ཆུང་གྲས་ཀྱི་ལས་གྲྭ་དེ“རྒུད་གསབ་ལས་སྤྲོད”རྣམ་པའི་ཐོག་ནས་ལག་ལེན་བསྟར་རྒྱུ་དང་། ངལ་ནུས་མཉམ་ལས་ཁང་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་སོགས་ལ་མང་ཚོགས་སྒྲིག་འཛུགས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་རྒྱུ། རྣམ་གྲངས་ལ་བཏང་བའི་མ་དངུལ་གྱི་80%ཞིང་འབྲོག་མང་ཚོགས་ཀྱི“རྒུད་གསབ་ལས་སྤྲོད”ཀྱི་གླ་ཆར་སྤྱོད་རྒྱུའི་གཏན་འཁེལ་ཁ་གསལ་བྱ་རྒྱུ་རེད། རྣམ་གྲངས་ལག་ལེན་བསྟར་རྗེས་སྔོན་དཔག་བྱས་ན་ཞིང་འབྲོག་མང་ཚོགས་ལ་གླ་ཆ་སྒོར་ཁྲི་3430བྱུང་ནས་རྣམ་གྲངས་ཁུལ་གྱི་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།