དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རང་ལྗོངས་ཀྱིས་མང་ཚོགས་ལ་བདེ་ཐང་གི་བཟའ་བཏུང་གོམས་གཤིས་འཇགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ།

    “གྲོད་པ་རྒྱགས་པ་དང་ལྟོ་ཆས་ཡག་པོ་ཟ་བ”ནས“ལྗང་མདོག་བཟའ་བཅའ”དང“བདེ་ཐང་བཟའ་བཅའི”བར།

  •     སྤེལ་དུས།  2024-03-04

    ལོ་20ཙམ་འདས་རུང་། མེ་ཏོག་སྒྲོལ་མས་ཕ་ཨོ་རྒྱན་བཀྲ་ཤིས་གྲོངས་པའི་གནས་ཚུལ་སྔར་བཞིན་་གསལ་པོར་དྲན་གྱི་ཡོད།

    “2005ལོའི་ཉིན་ཞིག་གི་ཞོགས་པར། ཁོང་གི་ཕ་སློབ་ཁང་དུ་སློབ་ཚན་འཚོག་པར་འགྲོ་བའི་ལམ་བར་དུ་སྐས་ཀ་འཛེགས་སྐབས་གཟབ་གཟབ་མ་བྱས་རྐྱེན་འདྲེད་བརྡབ་ཤོར་ནས་གྲོངས་པ་རེད” ལོ་50ལའང་མ་སླེབས་པའི་ཕ་དེ་ལྟར་གྲོངས་པར་ཁོང་ཡིད་ཆེས་བྱེད་ཐབས་བྲལ་བར་གྱུར། སྐབས་དེ་དུས་སྨན་པས་དེ་ནི་གློ་བུར་དུ་ཀླད་ཁྲག་ཤོར་བའི་རྐྱེན་གྱིས་རེད་ཅེས་བཤད།

    དཔྱད་གཞི་དང་རྒྱུ་རྐྱེན་སྣ་ཚོགས་བཙལ་བ་བརྒྱུད། ཁོང་གིས་པ་ཕ་རྒྱུན་དུ་ཤ་དང་ཆང་རག་ལ་དད་ཞེན་ཆེ་བ་མ་ཟད། ངལ་གསོའི་དུས་ཚོད་ཀྱང་གཏན་འཁེལ་མེད་པས་རེད། མེ་ཏོག་སྒྲོལ་མས་པ་ཕ་རྒྱུན་དུ་ཞག་ཚི་དང་ཚྭ་མང་བའི་ཟས་ལ་དགའ་པོ་བྱེད་པ་ནི་གོམས་གཤིས་ཡག་པོ་ཞིག་མིན་པ་ཤེས་རྟོགས་བྱུང་བ་དང་ཉེ་འགྲམ་གྱི་ཞིང་འབྲོག་མང་ཚོགས་མང་ཆེ་བ་ལའང་གོམས་གཤིས་དེ་ཡོད་པ་རེད། བཟའ་བཏུང་གི་གོམས་གཤིས་དང་འཚོ་བ་སྐྱེལ་སྟངས་ཡག་པོ་མེད་པ་དེས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་རྒྱགས་པ་ཆགས་པ་དང་། ཁྲག་ཤེད་མཐོ་པོ་ཆགས་པ། ཁྲག་ཚིལ་མཐོ་བ། ཁྲག་མངར་མཐོ་བ་སོགས་ཀྱི་དལ་ནད་ཕོག་སྟེ། རང་ལྗོངས་ཀྱི་གྲོང་མིའི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་གི་ཡོད།

    བོད་འདི་ཉིད་ས་མཐོར་གནས་པ་དང་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་དང་མཐོ་གྲང་དང་གསོ་རླུང་དཀོན་པའི་གནམ་གཤིས་ལས་རྩམ་པ་དང་། ཇ་བསྲུབས་མ། ཇ་མངར་མོ། ཚགས་ཤ་དང་ལུག་ཤ་སོགས་གཙོ་བོར་བྱས་པའི་དམིགས་བསལ་གྱི་བཟའ་བཏུང་གོམས་གཤིས་འཇགས་ཡོད། སྔོ་ཚལ་མང་ཆེ་བ་ནི་ཞོག་ཁོག་དང་ལ་ཕུག་ཡིན་པས། བཟའ་བཅའི་གྲུབ་ཆ་བལྟོས་བཅས་ཀྱིས་རྐྱང་པ་ཡིན་པ། སྲན་མའི་རིགས་དང་མཚོ་ཟས་སོགས་བསྟེན་ཉུང་ཞིང་། རྒྱུན་དུ་བཟའ་བཏུང་ཐད་ཚྭ་མང་བ་དང་། མངར་ཆ་མང་བ། ཞག་ཚི་མང་བ་སོགས་ཀྱི་ཁྱད་ཆོས་མངོན་གྱི་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག རང་ལྗོངས་སུ་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། དབུལ་པོའི་གནད་དོན་ཐག་གཅོད་མཐར་ཕྱིན་ཐུབ་པ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་པ་མ་ཟད། བཟའ་འཐུང་གི་གྲུབ་ཆ་ལའང་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། འབྲས་དང་། གྲོ་ཞིབ། སྔོ་ཚལ། ཤ་དང་སྒོ་ང་འོ་མ་སོགས་བཟའ་བཅའ་མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་པ། ཏེན་ཚྭ་དང་ཧྥུའུ་ཉུང་བའི་བདེ་ཐང་ཇ་ཁྱབ་གདལ་བྱུང་བ། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི“འགན་ལེན་གསུམ”གྱི་བདེ་ཐང་འཚོ་བཅུད་འཆར་གཞི་དང་བདེ་ཐང་བོད་ལྗོངས་ཀྱི་ལུགས་མཐུན་བཟའ་བཅའི་བྱ་སྤྱོད་ཏན་ཏིག་སྤེལ་ཡོད།

    ལྷག་དོན་དུ་འདི་ལོའི་ལོ་སྟོད་དུ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་སྐབས“བོད་དུ་ས་མཐོའི་ནད་ཕོག་སླ་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ་འདེབས་གསོའི་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་ནས་ཚན་རིག་དང་མཐུན་པའི་བཟའ་བཏུང་འཚོ་བཅུད་ཀྱི་ཕྱོགས་སྟོན་བཟོ་བ་དང་། བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བར་ཤུགས་སྣོན་རྒྱག་པ། ཞིང་འབྲོག་མང་ཚོགས་ལ་བཟའ་བཏུང་གི་གོམས་གཤིས་བཟང་པོ་འཇགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བདེ་ཐང་གི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས”ཞེས་པ་དེ་དམངས་འཚོའི་བྱ་ཐབས་ཤིག་ཏུ་བརྩིས་ཏེ་ཕྱོགས་ཡོངས་ནས་བཀོད་སྒྲིག་གིས་རྒྱུན་དུ་དམ་འཛིན་བྱེད་པའི་ཕུགས་ཕན་ལམ་སྲོལ་ཞིག་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    2024ལོར་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བཀོད་སྒྲིག་དོན་འཁྱོལ་བྱ་ཆེད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་ཀྱི་འཚོ་བཅུད་འཆར་གཞིའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་ཇུས་གཞི(2023ནས་2025ལོ་བར)》བཀྲམ་སྟེ་རིགས་ཁག་གི་མི་ཚོགས་ཀྱི་བདེ་ཐང་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་པ་མ་ཟད། ལོ་ཚད་མི་འདྲ་བའི་མི་ཚོགས་ཀྱི་བདེ་ཐང་གནས་ཚུལ་དང་གཅོང་ནད་རང་བཞིན་གྱི་ནད་པའི་དགོས་མཁོར་དམིགས་ཏེ་བཟའ་བཏུང་གི་འཚོ་བཅུད་ཕྱོགས་སྟོན་བཟོས་ནས་བདེ་ཐང་བཟའ་བཅའི་ཚད་གཞིར་སླེབས་པར་བྱས་ཡོད། “གྲོང་མིའི་འཚོ་བཅུད་བདེ་ཐང་གི་ཤེས་བྱ་ཁོང་དུ་ཆུད་ཚད་མཐོ་རུ་གཏོང་དགོས་ཚེ། ང་ཚོས་དྲིལ་བསྒྲགས་ཀྱི་ཁྱབ་ཁྱོན་སྔར་བས་ཆེ་རུ་བཏང་ནས་2023ལོའི་གྲངས་གཞིའི་རྨང་གཞིའི་ཐོག་སླར་ཡང་3%མཐོ་རུ་གཏོང་དགོས”ཞེས་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཕྱོགས་བསྡུས་ལྟ་སྐུལ་ཁྲུའི་ཁྲུའུ་ཀྲང་བཀྲ་ཤིས་དབང་མོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།