ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་མཚོ་སྔོན་ཞིང་ཆེན་ལ་ལྟ་བཤེར་བྱས་ཚུལ་ཚུར་ལན་སྤྲད་པ།
ཉེ་ཆར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་ལྟ་བཤེར་བྱས་ཚུལ་ཚུར་ལན་སྤྲད་པ་རེད། ལྟ་བཤེར་ནང་མཚོ་སྔོན་གྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་དང་། རང་བྱུང་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བར་ཕན་འབྲས་ཆེན་པོ་ཐོན་ཡོད་མོད། འོན་ཀྱང་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུའི་བླང་བྱ། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་རེ་སྒུག་བཅས་དང་བསྡུར་ཚེ། ལས་དོན་ཐད་ད་དུང་ཧེ་བག་འདུག་ཅེས་བསྟན་ཡོད།
ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་བསྟར་བར་ཧེ་བག་ཡོད་ཅིང་། ས་གནས་དང་སྡེ་ཚན་ཁག་གཅིག་གིས་མཚོ་སྔོན་གྱི“སྐྱེ་ཁམས་སྔོན་འཇོག”ལ་ངོས་འཛིན་བྱེད་ཚད་ད་དུང་ཚད་གཞི་དམའ་པོར་གནས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཁུར་ཤུགས་མི་འདང་བ། ལྷུག་ལྷོད་འཇམ་གསུམ་གྱི་གནད་དོན་ལྷག་ཡོད། ཚྭ་འདམ་གཤོངས་སའི་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་རགས་ལས་དང་གོ་རིམ་མེད་པར་བརྟེན་སྐྱེ་ཁམས་ཁོར་ཡུག་གི་ཁུར་པོ་ལྕི་རུ་ཕྱིན་པ་དང་། རྩྭ་ཐང་གི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་ཤུགས་མི་འདང་བ། ལྟ་བཤེར་དག་ཐེར་ཁག་གཅིག་ནན་པོ་དང་ཏན་ཏིག་མ་བྱུང་བ་བཅས་རེད།
རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་དང་སླར་གསོ་གནད་འཁེལ་བྱུང་མེད་ཅིང་། ཆུ་ཤུགས་གློག་ཁང་ཆུང་གྲས་གཙང་བཤེར་དང་དག་ཐེར་བྱེད་པར་སྐུལ་འདེད་གཏོང་འགོར་བ་དང་གཏེར་རིའི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་རྗེས་སུ་ལུས་པ། རྩྭ་ཐང་དང་བྱེ་འགྱུར་ས་ཞིང་སྒྲིག་འགལ་ངང་གསར་སྦོལ་བྱས་པ་བཅས་རེད།
རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པར་ཞན་ཆ་ཡོད་ཅིང་། ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་གཅུན་འདོམས་དོན་འཁྱོལ་ཐད་ཧེ་བག་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་ཐད་གནད་དོན་མངོན་གསལ་དོད་པ། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་ཐད་ཉམས་ཞན་ལྷུ་ཚིགས་ཡོད་པ། གསོ་ཚགས་བྱེད་མི་ཆོག་པའི་ཁུལ་དུ་སྒྲིག་འགལ་ངང་གསོ་ཚགས་བྱས་པ་བཅས་རེད།
དོ་ཁུར་བྱེད་དགོས་པའི་གནད་དོན་གཞན་དག་སྟེ། ནུས་རྒྱུ་ཟད་གྲོན་གྱི་ཚད་གཞིར་ཚོད་འཛིན་ཡག་པོ་མ་བྱུང་བ་དང་ཉེན་ཆེའི་ཟོག་རོ་གཙང་བཟོ་བྱེད་སྟངས་ཚད་ལྡན་མེད་པ་རེད།
ལྟ་བཤེར་ནང་བླང་བྱ་བཏོན་དོན། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས“ཆེ་ཤོས་གསུམ”གྱི་ཞིང་འབབ་ཀྱི་ངེས་གནས་དང“དེ་བས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་ངེས་གནས་བློ་ལ་བརྟན་པོར་ངེས་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་བྱས་ཏེ། ཆུའི་ཐོན་ཁུངས་དེ་བཙན་ཐབས་གཅུན་འདོམས་ཆེ་ཤོས་སུ་བརྩི་དགོས། ཚྭ་མཚོའི་ཐོན་ཁུངས་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མུའུ་ལི་གཏེར་ཁུལ་དང་དེ་བཞིན་མདོ་ལ་རིང་མོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ཕན་འབྲས་སྲ་བརྟན་དུ་གཏོང་བ། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་སྤྱི་ཡོངས་ཀྱི་མ་ལག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྩྭ་ཐང་ལ་བརྟེན་ནས་ཕྱུགས་རིགས་གཏན་འཁེལ་དང་། རྩྭ་ཕྱུགས་དོ་སྙོམས། ཕྱུགས་བཀག་སོགས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་གཙང་གསིང་གི་ཞན་ཆ་གང་མགྱོགས་སེལ་བ། ཁོར་ཡུག་གི་ཉེན་ཁར་དོ་དམ་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་རྒྱུན་མཐུད་གཏོང་དགོས། མི་དམངས་མང་ཚོགས་ཀྱི་བསམ་འཆར་ཆེ་བའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་ཆེ་བ་ཐག་གཅོད་ཏན་ཏིག་བྱེད་དགོས། འགན་འཛོལ་དང་འགན་འཁྲི་ཤོར་བའི་གནད་དོན་ལ་འབྲེལ་ཡོད་སྡེ་ཚན་གྱིས་བརྟག་དཔྱད་སྔར་བས་གཏིང་ཟབ་བྱས་ཏེ་ནན་ལ་གནད་སྨིན་དང་ནུས་ལྡན་གྱི་སྒོ་ནས་འགན་འཁྲི་བདའ་འདེད་གཏོང་དགོས་པའི་འགན་དཀྲི་དགོས། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པར་སྐྱིན་ཚབ་སྤྲོད་དགོས་པའམ་ཡང་ན་སྤྱི་ཕན་གཏུག་བཤེར་བྱེད་དགོས་རིགས་འབྲེལ་ཡོད་གཏན་འབེབས་ལྟར་སྒྲུབ་དགོས།
མཚོ་སྔོན་ཞིང་ཆེན་གྱིས་ད་ཐེངས་ཀྱི་ལྟ་བཤེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ལྟ་བཤེར་བྱེད་ཀྱིན་དག་ཐེར་དང་འཕྲལ་སྒྲུབ་འཕྲལ་བཅོས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཁག་གཅིག་ཐག་གཅོད་བྱས་པ་རེད། 2023ལོའི་ཟླ་12པའི་ཟླ་མཇུག་བར། ལྟ་བཤེར་ཚོགས་ཆུང་གིས་བསྒྲུབ་རྒྱུར་རྩིས་སྤྲད་པའི་མང་ཚོགས་ཀྱི་ཐེར་འདོན་གནད་དོན་1192ཚང་མ་ཐག་གཅོད་ཟིན་པའམ་ཡང་ན་དུས་མཚམས་བཞིན་ཐག་གཅོད་བྱས་པ་དང་། འབྲེལ་ཡོད་ཚན་པ་188ལ་དག་ཐེར་བྱ་རྒྱུའི་བཀའ་བཏང་བ། ཚན་པ་36ལ་གྱོད་དོན་ཐོ་འགོད་ཀྱི་ཆད་པ་བཅད་པ། གྱོད་གཞི་11གྱོད་དོན་ཐོ་འགོད་ཀྱིས་མྱུལ་ཞིབ་བྱས་པ། མི་322ལ་སྐོང་འདྲི་བྱས་པ། མི་58ལ་འགན་འཁྲི་བདའ་འདེད་བཏང་བ་རེད།