དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འགན་འཁྲི་སྒྲུབ་པའི་ལོ་གཅིག་རིང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-03

    འདི་ནི་ཀུའོ་ཅིན་གྱིས་ཡུན་ནན་ཞིང་ཆེན་ཁྲེང་ཅང་གྲོང་ཁྱེར་ཧེ་མོ་ཏི་རུ་འགྱུར་རྡོའི་དཔེ་དབྱིབས་འཚོལ་བསྡུ་བྱེད་བཞིན་པ།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀུའོ་ཅིན་གྱིས་རྟེན་མཛོད་ཁང་གི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱེད་ཀྱི་ཡིན་ཞེས་བརྗོད་པ།

    དབྱིས་རིགས་ཡིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀུའོ་ཅིན་ནི་ཡུན་ནན་ཁྲེང་ཅང་འགྱུར་རྡོ་ཁུལ་གྱི་འཛམ་གླིང་རང་བྱུང་ཤུལ་བཞག་རྟེན་མཛོད་ཁང་གི་ཀོན་ཀྲང་གཞོན་པ་རེད།

    རྟེན་མཛོད་ཁང་གི་ཤེས་བྱ་དེ་བས་ཁ་གསལ་གོ་བདེ་ཡོང་ཆེད་ཀུའོ་ཅིན་གྱིས་ཚོགས་པའི་རུ་སྣེ་ཁྲིད་ནས་དེང་རབས་ཀྱི་ཚན་རྩལ་བྱ་ཐབས་ལ་བརྟེན་ནས། གནའ་བོའི་སྐྱེ་དངོས་ཀྱི་རྩ་གསུམ་སླར་གསོའི་སྒུལ་རིས་བརྙན་ལམ་དང་། ཆ་འཕྲིན་ཀུན་གསལ་གྱི་གྲིབ་གཟུགས་སོགས་ཀྱི་བྱེད་སྟངས་བརྒྱུད་འགྱུར་རྡོར་གསོན་ཤུགས་འཕེལ་བར་བྱས་ཡོད།

    རྟེན་མཛོད་ཁང་གི་འཕེལ་རྒྱས་ཀྱི་དཀའ་གནད་ལ་བརྟག་ཞིབ་དང་། མང་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ། ཆོག་འཐུས་རང་བཞིན་གྱི་བསམ་འཆར་དང་གྲོས་འགོ་བཏོན་ནས། འགན་འཁྲི་སྒྲུབ་རིང་ཀུའོ་ཅིན་གྱིས་རང་འཁྲིའི་ལས་ཀར་གཞི་ཚུགས་ཏེ་ཁྲིམས་ལྟར་འཐུས་མིའི་འགན་འཁྲི་ཧུར་ཐག་བསྒྲུབས་ཡོད།

    འདི་ལོར་ཀུའོ་ཅིན་གྱིས་གཞི་རིམ་གྱི་རྟེན་མཛོད་ཁང་གི་བརྟག་ཞིབ་ཀྱི་འགན་ནུས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་འགོ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་འཁྱེར་ནས་རྟེན་མཛོད་ཁང་གི་ལས་དོན་པའི་མགྲིན་ཚབ་པ་མུ་མཐུད་བྱེད་རྒྱུ་རེད།

    འདི་ནི་ཧང་ཁན་ཡིན་པ།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧང་ཁན་གྱིས་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་ཤུལ་བཞག་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བརྗོད་པ།

    རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེར་ཡོད་པའི་སྐབས་སུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཡུན་ཀང་ཞིབ་འཇུག་ཁང་གི་ཡོན་ཀྲང་ཧང་ཁན་གྱིས་ཡུན་ཀང་བྲག་ཕུག་ཏུ་མུ་མཐུད་བརྟག་ཞིབ་དང་བཅར་འདྲི་བྱས་ནས་གྲོས་འགོར་མཐའ་མའི་བཟོ་བཅོས་བརྒྱབ་ཡོད།

    2023ལོར་ཧང་ཁན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིར་བདམས་ཡོད། འགན་འཁྲི་སྒྲུབ་པའི་ལོ་གཅིག་རིང་ཧང་ཁན་གྱིས་ཡུན་ཀང་རིག་པའི་རིག་ཚན་འཛུགས་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཡུན་ཀང་རིག་པར་ཞིབ་འཇུག་བྱས་པ་བརྒྱུད་ཡུན་ཀང་བྲག་ཕུག་ཏུ་འདུས་པའི་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་ནང་དོན་སྔོག་འདོན་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་རེ་བ་བྱེད་ཀྱི་ཡོད།

    རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེར་ཡོད་པའི་སྐབས་སུ་ཧང་ཁན་གྱིས་རིག་གནས་ཤུལ་བཞག་གི་རིག་ཚན་འཛུགས་སྐྱོང་དང་ཤེས་ལྡན་པའི་གསོ་སྐྱོང་ཐད་མུ་མཐུད་འབད་བརྩོན་གནང་བཞིན་ཡོད། ཁོང་གིས་བྱེད་ཐབས་སྤྱད་དེ་ཀྲུང་གོའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་གཞན་སྒྱུར་བེད་སྤྱོད་ལ་ཤེས་ལྡན་པ་དང་རིག་གཞུང་གི་འདེགས་སྐྱོར་དེ་བས་མང་བ་མཁོ་འདོན་ཐུབ་པའི་གྲོས་འགོ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།