དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་འགུལ་ངང་ལས་དོན་བསྒྲུབས་ནས་འཕེལ་རྒྱས་ཀྱི་གཏིང་ཤུཌ་འཕེལ་བར་བྱས་པ།

    —— མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-03

    མངའ་རིས་ས་ཁུལ་རྩ་མདའ་རྫོང་བྱང་རྩེ་ཤང་རབ་རྒྱས་གྲོང་ཚོའི་ར་ག་ཤ་ཚོགས་ཆུང་གིས་ར་ག་ཤ་ཚོགས་ཆུང་བྱེ་རྡོ་ར་བའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་བགོ་འགྲེམས་མཛད་སྒོ་འཚོགས་པ་དང་། ས་གནས་ས་ཐོག་ཏུ་གྲོང་མིས་གོ་རིམ་ལྡན་པའི་ངང་མིང་རྟགས་བཀོད་པ་དང་། མཛུབ་ཐེལ་རྒྱག་པ། བགོ་འགྲེམས་ལེན་པ་བཅས་བྱས་པས་ཁོང་ཚོའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ཡོད།

    ར་ཁ་ཤ་ཚོགས་ཆུང་གི་བྱེ་རྡོ་ར་བའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་2023ལོར་ཐོ་འགོད་བྱས་ནས་བཙུགས་པ་དང་མཉམ་ལས་ཁང་དེས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཡོང་བ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་ལོ་དེ་རང་དུ་ཡོང་འབབ་བསྡོམས་སྒོར་ཁྲི་390.98བྱུང་བ་དང་། ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་འབབ་འཕར་སྒོར་ཁྲི་55.1བྱུང་བ། མཉམ་ལས་ཁང་གི་ཁོངས་མིར་སྒོར་ཁྲི་131བགོ་འགྲེམས་བརྒྱབ་པ་བཅས་བྱས་ཡོད།

    2023ལོར་མངའ་རིས་ས་ཁུལ་གྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་པ་དང་། “དོན་ཆེན་བཞིར”དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་བརྒྱབ་པ། “12114”ཡི་ལས་ཀའི་བསམ་ཕྱོགས་དོན་འཁྱོལ་བྱས་པ། འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་། རྙོག་འཛིང་ཆེ་བའི་འགལ་ཟླའི་ཁྲོད་རང་འགུལ་ངང་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ་རང་ངོས་ཀྱི་ལས་ཀའི་གཏན་འཁེལ་རང་བཞིན་གྱིས་དུས་བབ་འགྱུར་ལྡོག་གི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་བཅག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བརྟན་ཐོག་ཡར་འཕེལ་དང་འཕེལ་རྒྱས་ཁྲོད་སྤུས་ཚད་ལེགས་སུ་འགྲོ་བའི་རྣམ་པ་བཟང་པོ་ཐོན་པར་སྐུལ་འདེད་བཏང་ཡོད།

    —— དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་བརྟན་པོའི་ངང་ཆེ་རུ་ཕྱིན་པ། སྔོན་དཔག་བྱས་ན་2023ལོར་མངའ་རིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་91.51ཟིན་པ་དེ་དུས་མཚུངས་ལས་13%འཕར་བ་དང་། མི་རེའི་ཆ་སྙོམས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་7ཡན་ཟིན་པ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་90བཏང་བ་དེ་དུས་མཚུངས་ལས་35.64%འཕར་བ། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་17.52ཟིན་པས་དུས་མཚུངས་ལས་10%འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་7.2ཟིན་པས་དུས་མཚུངས་ལས་30.1%འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་162.73ཟིན་པས་དུས་མཚུངས་ལས་42.84%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་55974དང་19376ཟིན་པས་དུས་མཚུངས་ལས་8%དང་13%སོ་སོར་འཕར་ཡོད།

    —— རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བ། མངའ་རིས་ས་ཁུལ་གྱིས་རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་མཐའ་འཁྱོངས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་མགྱོགས་པོ་བྱས་པ་དང་། དགུན་ས་གནམ་ཐང་ནས་སེང་གེ་ཁ་འབབ་གྲོང་རྡལ་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་འགོ་ཚུགས་པ། རབ་རྒྱས་གླིང་ཆུ་མཛོད་དང་ཨ་ཆེན་ཞིང་ཆུ་འདྲེན་ཁུལ་སྐྲུན་འགོ་ཚུགས་པ། སྟོད་ཡུལ་ཆུ་མཛོད་ཆུ་གསོག ཤིན་ཅང་ནས་བོད་ལྗོངས་བར་གྱི་ལྕགས་ལམ་གྱི་ཐོག་མའི་ལག་བསྟར་ཆོག་པའི་ཞིབ་འཇུག་ལ་ཞིབ་དཔྱད་ཐུབ་པ་བཅས་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཏིང་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།

    —— ཁྱད་ཆོས་དང་ལེགས་ཆའི་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་བཏང་བ། ཐོན་ལས་དང་པོ་ལེགས་སྒྱུར་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་འཕེལ་རྒྱས་གཏོང་བ་བཅས་མཐའ་འཁྱོངས་དང་། ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་དང་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རིག་གནས་ཡུལ་སྐོར་ལས་རིགས་ལ་སླར་གསོའི་རང་བཞིན་ལྡན་པའི་འཕེལ་རྒྱས་བཏང་སྟེ། ཡུལ་སྐོར་གྱི་སྣེ་ལེན་མི་གྲངས་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་དུས་མཚུངས་ལས་97.4%དང་89.6%སོ་སོར་འཕར་ཡོད། བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་39.7ཟིན་པ་དང་། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2.6ཟིན་ནས་དུས་མཚུངས་ལས་42.08%འཕར་བ། ཏོ་ལུང་ཟངས་གཏེར་ལག་བསྟར་བྱེད་འགོ་བཙུགས་ནས་འབྱུང་འཕྲོད་བཟོ་ལས་ལ་མ་དངུལ་སྒོར་དུང་ཕྱུར་24.79བཏང་བས་དུས་མཚུངས་ལས་151.98%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་33%འཕར་བ། གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་26%འཕར་བ། ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་མགྱོགས་མྱུར་སྒྱུར་བ་བཅས་བྱུང་ཡོད།

    —— དམངས་འཚོ་འགན་སྲུང་སྔར་བས་ནུས་ལྡན་བྱུང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱེད་མཁན་2362མང་དུ་ཕྱིན་པ། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་99.75%ཟིན་པས་དུས་མཚུངས་ལས་4.4%འཕར་བ། ཞིང་འབྲོག་པར་ཡོང་འབབ་སྒོར་དུང་ཕྱུར་1.4བྱུང་བ། ས་བབ་མཐོ་བའི་སློབ་གྲྭ་46ལ་དྲོད་རླངས་མཁོ་འདོན་གྱི་འདུ་འགོད་ལེགས་སྒྲུབ་བྱུང་བ། ས་ཁུལ་མི་དམངས་སྨན་ཁང“ཀ་པ་རིམ་པ་གསུམ་པ”གཏོད་པར་སྐུལ་འདེད་ནན་ཏན་བཏང་ཡོད། དབུལ་སྒྲོལ་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་བཏང་ནས་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་མན་གྱི་དུད་ཚང་1714ཀྱི་མི་7712དབུལ་སྒྲོལ་ཐུབ་པར་བྱས་པ། མཐའ་མཚམས་གྲོང་གསེབ་ལ་གཞུང་ལམ་ཤར་གཏོང་ཐུབ་ཚད་90%དང་88.89%སོ་སོར་ཟིན་པ། གློག་དྲ་གཙོ་བོ་དང་སྒུལ་བདེའི་འཕྲིན་གཏོང་དྲ་བ་ཁྱོན་ཡོངས་ལ་ཁྱབ་པར་བརྟེན། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།