སི་ཁྲོན་རྔ་པ་མཛོད་དགེ་རྫོང་གིས“རི་གཉིས”ལ་འགྱུར་ལྡོག་གཏོང་བའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་པ།
རྔ་པ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས“མཐའ་གཅིག་ཏུ་ཕྱིར་འཐེན་དང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཕུགས་ཕན་དོ་དམ”བཅས་ཀྱི་སྐྱེ་ཁམས་སླར་གསོར་བརྟེན་ནས། སྐྱེ་ཁམས་མ་ལག་བཅོས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་དང་ཆུ་ཁོངས་ཀྱི་རྒྱ་ཁྱོན་ཆེ་རུ་བཏང་ནས“ཆུ་དང་། རྩྭ། བྱེ་མ། བྱི་བ”བཅས་འཁོར་རྒྱུག་བཟང་བའི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་པ་རེད།
སྐྱེ་ཁམས་དམར་ཐིག་ལས་གྲྭ་དོན་འཁྱོལ་བྱས་ཏེ་མཐའ་གཅིག་ཏུ་ཕྱིར་འཐེན་བྱས་ཤིང་། མེ་ཏོག་དང་མཚེའུ་དང་འདམ་རའི་བར་བཅད་ཁུལ་གྱི་གདུང་འདེགས་འཕྲང་ལམ་སྤྱི་ལེ་2.86དང་ལྗོངས་གཟིགས་སྒང་དང་། ངལ་གསོ་ཁུལ། སྤྱི་པའི་གསང་སྤྱོད་སོགས་ཡུལ་སྐོར་སྒྲིག་བཀོད་སྨི་ངོས་གྲུ་ཁྲི་1.4བཤིགས་ཏེ་སྒོར་ཁྲི་100ལྷག་ཙམ་བཏང་ནས་སྐྱེ་ཁམས་སླར་གསོ་བྱས་པས་མེ་ཏོག་དང་མཚེའུའི་མཛེས་ལྗོངས་ཁུལ་གྱི་བར་བཅད་ཁུལ་རྦད་དེ་ཕྱིར་འཐེན་ཐུབ་པ་དང་། རྩྭ་རའི་ཤོང་ཚད་ལས་བརྒལ་ནས་ཕྱུགས་འཚོ་བར་ཚོད་འཛིན་ནན་པོ་བྱས་ཏེ་རྩྭ་ཐང་མུའུ་ཁྲི་110ལ་ཕྱུགས་བཀག་རྩྭ་གསོ་དང་མུའུ་ཁྲི་103ལ་རྩྭ་ཕྱུགས་དོ་སྙོམས་ཡོང་བར་བྱས་པས་མེ་ཏོག་དང་མཚེའུ་དང་ཕྱུགས་འཚོའི་ཤོང་ཚད་5%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད།
སྐྱེ་ཁམས་སླར་གསོའི་ལས་གྲྭ་ལག་བསྟར་བྱས་ཏེ་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱས་ཤིང་། མ་དངུལ་སྒོར་ཁྲི་1000བཏང་ནས་རིང་ཚད་ལ་སྨི་1740དང་མཐོ་ཚད་ལ་སྨི་0.6ཡོད་པའི་སྐྱེ་ཁམས་ཆུ་རགས་བསྐྲུན་པ་དང་། མ་དངུལ་སྒོར་དུང་ཕྱུར་3.96བཏང་ནས་སྐྱེ་ཁམས་ཞན་ཁུལ་དང་བྱེ་འགྱུར་རྣམ་གྲངས་15ལག་བསྟར་བྱས་པ། མ་དངུལ་སྒོར་ཁྲི་3387.51བཏང་ནས་གྲོང་གསེབ་ཀྱི་འཚོ་བའི་སྦགས་བཙོག་བཅོས་སྒྲིག་བྱས་པ། རིག་ལྡན་སྐྱེ་ཁམས་སྐྱག་ཟོམ་518སྒྲིག་སྦྱོར་བྱས་པ། རིམ་གསུམ་སིམ་རྫིང་དང་དེ་བཞིན་དབྱང་འགྱུར་རྫིང་བུ་39གསར་དུ་བསྐྲུན་པ། ས་རྒྱུའི་ནང་སིམ་པའི་བཙོག་ཆུ་གཙང་གསིང་སྒྲིག་ཆས་20བསྐྲུན་པ། “བཙོག་ཆུ་མཚེའུ་ནང་མི་འཛུལ་བ་དང་ཕྱིར་མི་འབུད་པ”མངོན་འགྱུར་བྱུང་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་ཁག་གཉིས་པར་ལེགས་གྲུབ་ལྡན་པའི་ངང་ཚུད་ཡོད།
སྐྱེ་ཁམས་བདག་སྐྱོང་གི་ལས་གྲྭར་སྐུལ་འདེད་བཏང་ནས་ཕུགས་ཕན་དོ་དམ་བྱས་ཤིང་། གནམ་གཤིས་དང་། ཆུ་དཔྱད། ཆུ་སྤུས། སྐྱེ་དངོས་སྣ་མང་རང་བཞིན་བཅས་ཚུད་པའི་རིག་ནུས་གྲངས་འཛིན་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་མ་ལག་བསྐྲུན་ནས་རབ་གསལ་རིག་ནུས་ལྟ་ཞིབ་ཚད་ལེན་ཡོ་བྱད་ཆ་ཚང་3བཙུགས་ཏེ། མེ་ཏོག་དང་མཚེའུ་དང་དེའི་ཉེ་འཁོར་གྱི་སྤྱི་ལེ་2ནང་ཚུན་དུ་མི་འགྲོ་སྐྱོད་དང་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་ཚོད་འཛིན་བྱས་པ་དང་། ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་400ཟིན་པའི་མཛོད་དགེ་འདམ་རའི་ཚན་རིག་ཁྱབ་གདལ་སློབ་གསོའི་ས་ཚིགས་བཙུགས་ནས་ཉེ་འཁོར་གྱི་དངོས་རིགས་གལ་ཆེན་རིགས་60ལྷག་ཙམ་བཤམས་ཏེ་བོད་རྒྱ་ཤན་སྦྱར་གྱི་ཚན་རིག་ཁྱབ་གདལ་ཀློག་དེབ་བཏོན་ནས་སྤྱི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ་རེད།