དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཝང་དབྱི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་55པའི་མཐོ་རིམ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-01

    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་པེ་ཅིང་དུ་བརྙན་ལམ་བརྒྱུད་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་55པའི་མཐོ་རིམ་ཚོགས་འདུར་ཞུགས་པ་མ་ཟད། འགོ་བརྗོད་དུ《ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་པའི་གསུང་བཤད་ཀྱང་གནང་བ་རེད།

    ཝང་དབྱི་ཡིས། མིག་སྔར་རྒྱལ་སྤྱིའི་དུས་བབ་ཟང་ཟིང་ཆེ་རུ་ཕྱིན་པ་དང་། ཉམས་ཉེན་དང་གདོང་ཐུག་གཅིག་རྗེས་གཉིས་མཐུད་ངང་ཐོན་པ། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་གི་མཚལ་ཡིག་དེ་བས་ཚབས་ཆེ་རུ་ཕྱིན་ཡོད། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུ་དེ་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། མིའི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་དེ་བས་མངོན་གསལ་དང་དགོས་གཏུགས་ཆེ་བའི་གནས་བབ་ཐོག་འཇོག་དགོས། འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་དང་རྒྱལ་ཁབ་གཞན་གྱི་འཕེལ་རྒྱས་ལ་བཀག་འགོག་བྱེད་པར་ངོ་རྒོལ་བྱེད་དགོས། རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བའི་ལམ་བུ་རང་རྟོགས་ངང་གདམ་ག་བྱེད་པར་བརྩི་འཇོག་བྱེད་དགོས། གཉིས་ཕན་མཉམ་ལས་མཐའ་འཁྱོངས་ཀྱིས་སྐད་ཆ་ཤོད་རེས་ལ་བརྟེན་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུ་རྒྱུ་དར་སྤེལ་གཏོང་དགོས་ཞེས་གསུངས་པ་རེད།

    ཝང་དབྱི་ཡིས། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྒྲིག་གཞིས་དྲང་གཞག་དང་དངོས་ཡོད་དང་མཐུན་པའི་ངང་ལས་དོན་སྤེལ་ཏེ་གདམ་ག་མིན་པའི་རང་བཞིན་དང་ཆབ་སྲིད་ཅན་མིན་པའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་ངེས་རེད་ལ། ཕྱོགས་མང་འགྲོ་བ་མིའི་ཐོབ་ཐང་སྒྲིག་གཞི་འདི་ཉིད་ཕྱོགས་ཁག་གི་དགེ་མཚན་ལྡན་པའི་སྤེལ་རེས་དང་མཉམ་ལས་ཀྱི་ལས་སྟེགས་ཤིག་ཏུ་འགྱུར་བར་བྱེད་དགོས་པ་ལས་ཚོགས་པའི་ཆབ་སྲིད་དང་དཔུང་ཤོག་འགྲན་རྒོལ་བྱེད་པའི་གཡུལ་ས་ཞིག་ཏུ་འགྱུར་མི་རུང་ཞེས་ནན་བཤད་གནང་བ་རེད།

    ཝང་དབྱི་ཡིས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་འགྱུར་མེད་ཀྱི་འབད་འཐབ་དམིགས་ཚད་ལ་བརྩིས་ནས། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་རང་རྒྱལ་གྱི་རྒྱལ་བབ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད། འགན་འཁྲི་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས་ཀྲུང་གོས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་དང་བསྒྲགས་གཏམ་གལ་ཆེན་རབ་དང་རིམ་པ་འཇོག་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་མང་བ་ལས་དྲང་གཞག་ངང་མི་དམངས་ཡོངས་ལ་ཕན་ཐོགས་པར་བྱས་ནས། འགྲོ་བ་མིའི་ཐོབ་ཐང་འགན་ལེན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཕྱོགས་ཁག་དང་མཉམ་དུ་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།