དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    བཀག་རྒྱ་ཇི་ལྟར་བཟོས་ཀྱང་ཀྲུང་གོའི་གསར་གཏོད་དང་འཕེལ་རྒྱས་ཀྱི་གོམ་སྟབས་འགོག་མི་ཐུབ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-01

    ཨ་རིའི་སྙིང་ཏིག་བཟོ་སྐྲུན་ཚོང་པས་ཨ་རི་ཕྱོགས་ཀྱིས་སྙིང་ཏིག་ཕྱིར་ཚོང་ལ་ཚོད་འཛིན་བྱས་པས་ཁེ་ལས་ཀྱི་འགྲན་རྩོད་ནུས་པར་གནོད་འཚེ་ཕོག་ཚུལ་བཤད་པའི་ཐད་ལ། ཚེས་27ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། བཀག་རྒྱ་ཇི་ལྟར་བཟོས་ཀྱང་ཀྲུང་གོའི་གསར་གཏོད་དང་འཕེལ་རྒྱས་ཀྱི་གོམ་སྟབས་འགོག་མི་ཐུབ་ལ། ཨ་རིའི་ཁེ་ལས་ཚུད་པའི་ཐོན་ལས་ཧྲིལ་པོ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་ཡང་ཕན་པ་མེད་པ་དོན་དངོས་ལས་ར་འཕྲོད་བྱུང་ཡོད་ཅེས་བརྗོད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། དབྱིན་ཝེ་ཏ་ཀུང་སིས་ཨ་རིའི་འཛིན་ལོར་ཉོ་ཚོང་ཨུ་ལྷན་ལ་ཞུ་ཡིག་ཅིག་སྤྲད་པའི་ནང་། ཧྭ་ཝེ་དེ་AIསྙིང་ཏིག་སོགས་རིགས་མང་པོའི་ཁྲོད་ཀྱི་འགྲན་ཡ་གཙོ་བོར་ཐོག་མར་བཅུག་ཡོད་པ་མ་ཟད། གལ་སྲིད་ཨ་རི་སྲིད་གཞུང་གིས་སྙིང་ཏིག་ཕྱིར་གཏོང་ལ་ཚོད་འཛིན་བྱས་ཚེ། དབྱིན་ཝེ་ཏ་ཀུང་སིའི་འགྲན་རྩོད་ནུས་པར་དེ་བས་གནོད་འཚེ་ཕོག་རྒྱུ་ཡིན་ཚུལ་བརྗོད་ཡོད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    མའོ་ཉིང་གིས“སྒོ་དབྱེ་མཉམ་ལས་ནི་གློག་འདྲེན་ཕྱེད་གཟུགས་ཐོན་ལས་ཀྱི་ལྟེ་བའི་སྒུལ་ཤུགས་ཤིག་ཡིན་པ་དང་། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་གློག་འདྲེན་ཕྱེད་གཟུགས་ཀྱི་ཁྲོམ་ར་གཙོ་བོའི་གྲས་ཤིག་ཡིན་པས། བཙན་ཐབས་ཀྱིས་ཁྲོམ་ར་ཁ་ཕྲལ་བཏང་ཚེ་གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་གཏོར་བཤིག་ཕོག་སྲིད་ལ། ཕན་འབྲས་དང་གསར་གཏོད་ལའང་འགོག་རྐྱེན་བཟོ་བས་ཕྱོགས་གང་གི་ཁེ་ཕན་དང་ཡང་མཐུན་གྱི་མེད”ཅེས་བརྗོད།

    མའོ་ཉིང་གིས། ཨ་རི་ཕྱོགས་ཀྱིས་ངེས་པར་དུ་ཁྲོམ་རའི་དཔལ་འབྱོར་དང་དྲང་གཞག་འགྲན་རྩོད་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ། རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ལུགས་མཐུན་འགྲན་རྩོད་ལ་བརྟེན་ནས་ཚན་རྩལ་འཕེལ་རྒྱས་དང་ཡར་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་དགོས་ཞེས་བརྗོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།