ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་དབང་ཧྲོང་ཅེ།
ཚན་རིག་གི“བཀག་སྡོམ་ཁུལ”ལས་སྒྲོལ་ནས་ས་མཐོར“མཁའ་ལམ”བསྐྲུན་པ།
འཕྲད་མ་ཐག་མིག་མདུན་གྱི་ཁོང་ནི་ཕམ་ཉེས་ལ་མི་སྐྲག་པའི་ཕོ་རབ་ཅིག་ཡིན་པ་ཤེས་ཐུབ། སྨུག་ནག་གི་ངོ་གདོང་སྟེང་གཉེར་མས་ཁེངས་པ་དང་ལག་མཐིལ་གཉིས་ཆེ་ལ་མཛུབ་མོ་སྦོམ་པས་སྟོབས་དང་ལྡན་པ་ཞིག་ཀྱང་ཡོད།
ཁོང་ནི་ཀྲུང་གོ་འགྲིམ་འགྲུལ་ཚོགས་པ་ཀུང་སིའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་དབང་ཧྲོང་ཅེ་ཡིན་པ་དང་། མཚོ་བོད་ས་མཐོའི་ཐོག་གི“དམག་མི་རྒན་གྲས”ཤིག་ཡིན་པའི་ཁོང་གིས་འཁྱགས་སར་ཚན་ཞིབ་བྱས་ནས་མཐོ་སྒང་དང་། མཐོ་གྲང་། ས་བབ་མཐོ་བ་བཅས་ཀྱི་ལོ་མང་འཁྱགས་ས་ཁུལ་དུ་སྲ་ཞིང་བརྟན་པའི་མྱུར་བགྲོད་གཞུང་ལམ་རེ་རེ་བཞིན་བསྐྲུན་ཡོད།
“རང་བྱུང་འོབས་ཆེན”དེ“མཁའ་ལམ”ལ་བསྒྱུར་དགོས་དོན་གང་ཡིན་ནམ། ང་ཚོས་འཛམ་གླིང་ཡང་རྩེའི་ཐོག་ཀྱག་ཀྱོག་ཏུ་བསྐྲུན་པའི་གསེར་ཡུལ་མྱུར་བགྲོད་གཞུང་ལམ་དུ་རྒྱལ་སྤྱིའི་འཁྱགས་སའི་ལས་གྲྭའི“ལམ་ཚད་རྡོ་རིང་གསར་པ”དེར་ཅིག་ལྟ་བར་འགྲོ
ཀླད་ཀོར་ནས་འགོ་བཙུགས་པ།
དཔྱད་གཞི་དང་ཉམས་མྱོང་གང་ཡང་མེད་ནའང་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད།
གསེར་ཡུལ་མྱུར་བགྲོད་གཞུང་ལམ་གང་དུ་ཡོད་དམ། རླངས་འཁོར་ལ་བསྡད་ནས་རྒྱལ་ལམ་214བརྒྱུད་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་ཀྱི་ས་བབ་སྨི་4100ཡན་གྱི་མུ་མཐའ་མེད་པའི་ས་མཐོར་སླེབས་པ་དང་། དེ་ནས་གངས་རི་དང་། རྩྭ་ཐང་། གཙང་པོ་བཅས་བརྒྱུད་ནས་ལྷོ་ཕྱོགས་སུ་སྐྱོད་ཚེ“ཐང་བོད་གནའ་ལམ”དང་གཅིག་ཏུ་སྦྲེལ་བའི་མྱུར་བགྲོད་གཞུང་ལམ་ཞིག་མིག་ལམ་དུ་འཆར་ཐུབ།
རྒྱང་ནས་བལྟས་ཚེ། གཞུང་ལམ་གྱི་གཡས་གཡོན་དུ་སྔོ་ཐིང་ཐིང་གི་སྤང་ལྗོངས་དང་ཤ་ཤེད་རྒྱས་ལ་གཤིས་རྒྱུད་འཇམ་པའི་འབྲི་གཡག་ཁྱུ་ཚོགས་ཡོད་པ་དང་། གཞུང་ལམ་ཐོག་ཕར་འགྲོ་ཚུར་འོང་གི་རླངས་འཁོར་གྱི་རྒྱུན་ཆད་རྒྱུ་མེད། རང་བྱུང་གི་མཛེས་ལྗོངས་དང་དེང་རབས་འགྲིམ་འགྲུལ་གཉིས་ཀྱི་བར་དུ་གནས་པའི་གཞུང་ལམ་དེ་ནི“ས་མཐོའི་མཁའ་ལམ”ཞེས་གྲགས་པའི་གསེར་ཡུལ་མྱུར་བགྲོད་གཞུང་ལམ་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་635ཡོད་པ་དེས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཀྲོའུ་གསེར་ཆེན་རྫོང་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་གཉིས་དམ་པོར་སྦྲེལ་ཡོད།
ལམ་ངོས་ཡག་པོ་ཡོད་ནའང་དོན་དངོས་ཐོག་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། ལམ་ཐག་ཧྲིལ་པོར་སྤྱི་ལེ་600ལྷག་ཙམ་ཡོད་པའི་ནང་ནས་གསུམ་ཆ་གཅིག་ལྷག་ཙམ་ནི་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་འཁྱགས་ས་ཁུལ་ཡིན་པས་དེ་གར་མྱུར་བགྲོད་གཞུང་ལམ་སྐྲུན་ཐུབ་པ་དེར་ལས་རིགས་གཅིག་པོས་དེ་ནི་ལས་གྲྭའི་ཁྱབ་ཁོངས་ཀྱི“ཚན་རིག་གི་བཀག་སྡོམ་ཁུལ”ལས་སྒྲོལ་བའི་ཁས་ལེན་བྱེད་ཀྱི་ཡོད།
“མཚོ་བོད་ས་མཐོའི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བས་གནད་འགག་ཆེ་ཤོས་ནི་ལམ་འོག་གི་ལོ་ངོ་ཁྲི་སྟོང་མང་པོའི་རིང་གི་འཁྱགས་སའི་བང་རིམ་དེ་གནམ་གཤིས་ལ་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས་ཡང་ཡང་བཞུ་བ་དང་ཡང་ཡང་འཁྱགས་ཐེབས་ཀྱི་ཡོད” དེ་གར“ལོ་གཅིག་ལ་དུས་བཞིའི་དབྱེ་བ་མེད་པ་དང་ཉིན་གཅིག་ལ་དུས་བཞི་ཡི་གནམ་གཤིས་བསྟན་གྱི་ཡོད” ལོ་གཅིག་ལ་མང་ཤོས་སུ་འཁྱགས་པ་བཞུ་བ་དང་འཁྱགས་པ་རྒྱག་ཐེངས་200ལྷག་ཙམ་ཟིན་པ་དང་། གནམ་གཤིས་དྲོ་རུ་འགྲོ་དུས་འཁྱགས་ས་བཞུར་ནས་ལམ་ངོས་གས་པའམ་ཡང་ན་ལམ་ཞིག་པ་སོགས་ཀྱི་གནད་དོན་རབ་དང་རིམ་པ་ཐོན་གྱི་ཡོད། ལམ་གཞིའི་ཐོག་སྣུམ་ནག་བཏིང་ཚེ། དེ་ནི་འཁྱགས་པའི་སྟེང་དུ་གློག་གདན་བཏིང་བ་དང་མཚུངས་པས་གནོད་འཚེ་ཐོན་ཉེན་ཆེ་རུ་འགྲོ་སྲིད་ཅེས་དབང་ཧྲོང་ཅེས་འགྲེལ་བཤད་བརྒྱབ་བྱུང་།
“བཀག་སྡོམ་ཁུལ”དེ་ཡང“མི་མེད་ཁུལ”རེད། “མྱུར་བགྲོད་གཞུང་ལམ་ཡག་པོ་ཞིག་སྐྲུན་འདོད་ན་འགག་རྩ་ནི་འཁྱགས་ས་བཞུ་བ་དང་ལམ་ངོས་བསྣུབས་པ་དེ་ཁྱབ་ཁོངས་ངེས་ཅན་ཞིག་ཏུ་བརྟན་པོ་ཡོང་བ་བྱ་རྒྱུ་དེ་ཡིན་མོད། འོན་ཀྱང་ཚོད་འཛིན་ཞིབ་ཕྲ་ཇི་ལྟར་བྱེད་དགོས་པའི་ཐད་གཅིག་ནས་རྒྱལ་སྤྱིའི་ཐོག་དཔྱད་གཞི་གང་ཡང་མེད་པ་དང་། གཉིས་ནས་ཉམས་མྱོང་གི་གཞི་འཛིན་ས་གང་ཡང་མེད” དབང་ཧྲོང་ཅེ་ཡིས་མེ་གླིང་བྱང་མའི་ས་ཁུལ་ནི་འཕྲེད་ཐིག་མཐོ་སར་གནས་ཀྱང་འཁྱགས་ས་བལྟོས་བཅས་ཀྱིས་བརྟན་པོ་ཡོད། མཐོ་གྲང་ཁུལ་གཞན་དག་ཏུ་མི་ཉུང་ཉུང་ཡིན་པས་རིམ་མཐོའི་གཞུང་ལམ་བསྐྲུན་པའི་དགོས་པ་དང་སྔོན་དཔེ་མེད་པར་བརྟེན་ཐམས་ཅད་ཀླད་ཀོར་ནས་འགོ་བཙུགས་དགོས་ཀྱི་ཡོད་ཅེས་བཤད།
རྐང་འོག་ཏུ་ལམ་མེད་ཀྱང་ལམ་འབྱེད་མཁན་རང་བཞིན་དུ་ཡོང་སྲིད། ས་མཐོར་གཞུང་ལམ་སྐྲུན་པའི་འདུན་པར་དཀའ་ཚེགས་སྣ་ཚོགས་འཕྲད་ཅིང་། 2010ལོའི་ཟླ་4ཚེས་14ཉིན་མཚོ་སྔོན་ཡུལ་ཤུལ་དུ་ས་ཡོམ་ཆེན་པོ་རྒྱག་སྐབས་དེ་སྔའི་རྒྱལ་ལམ་214ལ་གཏོར་སྐྱོན་ཕོག དབང་ཧྲོང་ཅེ་ཡིས་ཉེན་ཁར་མ་འཛེམས་པར་གེགས་ཁུལ་དང་བོད་རིགས་སྤུན་ཟླའི་ཆེད་དུ་ལམ་ཡག་ཤོས་བསྐྲུན་རྒྱུའི་ལས་འགན་དང་དུ་བླངས་པ་དང་། དེ་ནས་བཟུང་དབང་ཧྲོང་ཅེ་ཡིས་གསེར་ཡུལ་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་གྱི་ལས་ལ་གཞོལ་ནས་ད་བར་ལོ་བདུན་ཏག་ཏག་སོང་ཡོད།
འཁྱགས་ས་གཏུལ་བ།
ས་སྟོང་དུ་གཞི་ཚུགས་པ་དང་དེར་རྟོག་ཞིབ་ཡང་ཡང་བྱས།
དབང་ཧྲོང་ཅེ་ཡིས་འཁུར་བའི་ལས་འགན་དེ་ནི་དྲང་ཆར་རླུང་འཚུབ་མང་པོ་བརྒྱུད་པའི་འཁྱགས་སའི་གཞུང་ལམ་ཞིག་རེད།
1954ལོར་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ཟིན་ནས་བོད་དུ་གཞུང་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། “སྐབས་དེ་དུས་བསྐྲུན་པའི་གཞུང་ལམ་ལ་དུས་ཡུན་རིང་པོའི་ནང་འཁྱགས་སར་སྲུང་སྐྱོང་བྱེད་པའི་ལག་རྩལ་གྱི་བྱེད་ཐབས་མི་འདང་བའི་དབང་གིས། ལོ་60ལྷག་ཙམ་ནང་ཞིག་སྐྱོན་ཡང་ཡང་ཤོར་ཡོད། མ་གཞི་བདག་སྐྱོང་དང་བསྐྱར་སྐྲུན་ཐེངས་མང་བྱས་ཀྱང་འཁྱགས་ས་བཞུ་བ་དང་ལམ་གཞི་བསྣུབས་པའི་གནད་དོན་སྔར་བཞིན་རྩ་བ་ནས་ཐག་གཅོད་ཐུབ་མེད” དབང་ཧྲོང་ཅེ་ཡིས་དུས་རབས་གོང་མའི་ལོ་རབས་90པའི་བར་རང་རྒྱལ་གྱི་འཁྱགས་སའི་གཞུང་ལམ་ལ་གནོད་སྐྱོན་ཕོག་ཚད་30%ཟིན་གྱི་ཡོད། གལ་སྲིད་བཅོས་སྐྱོང་ནུས་ལྡན་མ་ཐུབ་ཚེ། གཞུང་ལམ་སྤྱོད་ཡུན་རིམ་བཞིན་ཐུང་དུ་འགྲོ་སྲིད་ཅེས་བཤད།
“ལོ་མང་རིང་གི་ཉམས་མྱོང་ལས་མྱུར་བགྲོད་གཞུང་ལམ་དེ་བསྐྲུན་པར་གཞི་རྩའི་གྲངས་གཞི་གསོག་འཇོག་བྱས་ཡོད། མཚོ་བོད་གཞུང་ལམ་མེད་ན་གསེར་ཡུལ་མྱུར་བགྲོད་གཞུང་ལམ་མེད་ཅེས་བརྗོད་ཆོག”ཅེས་དབང་ཧྲོང་ཅེ་ཡིས་བཤད།
མཚོ་བོད་གཞུང་ལམ་གྱི་ཉམས་མྱོང་གསོག་འཇོག་བྱས་པ་ལས་འཁྱགས་ས་ཁུལ་དུ་མྱུར་བགྲོད་གཞུང་ལམ་སྐྲུན་པའི་དམིགས་ཚད་མངོན་འགྱུར་བྱེད་མགྱོགས་སུ་ཕྱིན་ཡོད།
འཁྱགས་ས་འདུལ་བར་སྔོན་ལ་འཁྱགས་ས་ཤེས་རྟོགས་བྱེད་དགོས། མྱུར་བགྲོད་གཞུང་ལམ་ནས་ཡང་སྙིང་ཚ་དྲོད་ག་ཚོད་ཐོན་མིན་གསལ་པོ་ཤེས་ཆེད། དབང་ཧྲོང་ཅེ་ཚོགས་པས་འཛམ་གླིང་གི་སྔོན་ཐོན་ཁང་ནང་ལད་མོའི་ཚོད་ལྟའི་མ་ལག་བཙུགས་ཤིང་། ཁོར་ཡུག་གི་དྲོད་ཚད་དང་བརླན་ཚད་སྙོམས་སྒྲིག་བྱས་པ་བརྒྱུད་རང་བྱུང་རྣམ་པའི་འོག་གི་འཁྱགས་ས་བཞུར་བ་ལད་མོ་བྱས་པ་དང་། དེ་རྗེས་དུས་འགོའི་གྲངས་གཞི་ཚོད་ལྟ་བྱ་ཡུལ་དུ་སྤྱད་ནས་ཚ་དྲོད་འགོག་ཐུབ་པའི་གཞུང་ལམ་གྱི་གྲུབ་ཆ་ཇུས་འགོད་བྱས་ཡོད། མཐར་བཟོ་བཅོས་ཡང་ཡང་བརྒྱབ་པ་བརྒྱུད་ད་ལྟ་ལས་གྲྭའི་ཐོག་སྤྱོད་བཞིན་ཡོད་པ་རེད།
དཀའ་གནད་ལས་སྒྲོལ་བར་ཁུངས་འཚོལ་ར་སྤྲོད་ཡང་ཡང་བྱེད་དགོས། དབང་ཧྲོང་ཅེ་དང་ཁོང་གི་ཚོགས་པས་རྒྱུན་དུ་ཁོར་ཡུག་ཞན་པའི་མཚོ་བོད་ས་མཐོར་གཞི་ཚུགས་ནས་ཞིབ་འཇུག་རབ་དང་རིམ་པ་བྱས་ཡོད། ས་བབ་མཐོ་ཚད་སྨི་5000ཟིན་པའི་ལས་ཡུལ་དུ་ཚད་ལེན་ཡོ་ཆས་འཁྱེར་ནས་གང་སར་འགྲོ་དགོས་པས་བྲང་ཁ་བསྡམས་ནས་དབུགས་ཧལ་དུས་གང་སར་ངལ་གསོས་ནས་སྡོད་པ་དང་། ས་མཐོའི་གནམ་གཤིས་རྒྱུན་གཏན་དང་མི་འདྲ་བས་སྨུག་ཕྱིའི་འོད་ཀྱིས་ངོ་གདོང་ཚིག་ནས་པགས་པ་བུད་པ། གངས་མ་ཆར་དང་སེར་བ་འབབ་སྐབས་མུ་མཐའ་མེད་པའི་མྱ་ངམ་ཐང་དུ་གབ་ས་གཏན་ནས་མེད་པ་ལ་སོགས་ལོ་མང་རིང་དབང་ཧྲོང་ཅེས་བོད་ནས་འགྲོ་འོང་ཐེངས་100ལྷག་ཙམ་བྱས་ནས་རྒྱལ་ལམ་ཁག་ཚང་མར་བསྐྱོད་དེ་དཀའ་བ་དུ་མ་ཁྱད་བསད་བྱས་ཡོད།
ད་ཆ་ཁོར་ཡུག་ཞན་པའི་ལྗང་མདོག་ཚེ་རིང་འགྲོ་ལམ་ལས་གྲྭའི་རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་དུ་སྐྱོད་སྐབས་མཛུབ་མོ་མནན་ཙམ་བྱས་ཚེ་ལེ་དབར་སྟོང་གི་མཚོ་བོད་ས་མཐོའི་གང་སར་ཡོད་པའི་སྤྱི་ལེ་1500ལྷག་ཙམ་གྱི་ལམ་ཐིག་དང་། འཁྱགས་སའི་ས་འོག་ཚ་ནུས་ལྟ་ཞིབ་ཚད་ལེན་ས་ཚིགས་ཁྲི་1.2ཀྱི་གྲངས་གཞི་དངོས་བསྡུ་ལེན་ཐུབ་ནས་འཁྱགས་ས་བཞུ་བ་དང་གཞུང་ལམ་གྱི་དྲོད་ཚད་ཚོད་འཛིན་བྱ་རྒྱུར་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
རྒྱང་སྐྱོད་ཀྱི་ལམ་བུ་གསར་པ།
པེ་ཅིང་ནས་བོད་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་རྒྱུ།
དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་གྲུབ་འབྲས་ཐོབ་པ། 2017ལོའི་ཟླ་8ཚེས་1ཉིན་ལོ་བཅུ་ལྷག་ཙམ་གྱི་འཚོལ་ཞིབ་དང་ལོ་བདུན་ལྷག་ཙམ་གྱི་འཛུགས་སྐྲུན་བྱས་པ་བརྒྱུད། འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་། བར་ཐག་རིང་ཤོས། རིམ་པ་མཐོ་ཤོས་བཅས་ཀྱི་མཐོ་གྲང་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཐོག་མ་སྟེ། གསེར་ཡུལ་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད།
འཛམ་གླིང་ཐོག་གི་ཨང་དང་པོ་མང་པོ་ལྡན་པའི་མྱུར་བགྲོད་གཞུང་ལམ་དེས་ཟི་ལིང་ནས་ཡུལ་ཤུལ་བར་གྱི་འགྲོ་སྐྱོད་དུས་ཚོད་དེ་སྔའི་ཆུ་ཚོད་16ནས་ཆུ་ཚོད་8བར་ཐུང་དུ་བཏང་བ་མ་ཟད། དེར་སྤྱད་པའི་ལག་རྩལ་གསར་པས་དཔལ་འབྱོར་གྱི་ཕན་འབྲས་ཆེན་པོའང་ཐོན་ཡོད།
དབང་ཧྲོང་ཅེ་དང་ཁོང་གི་ཚོགས་པས་སྣེ་ཁྲིད་དེ་ལེགས་སྒྲུབ་བྱས་པའི“ལོ་མང་འཁྱགས་སའི་མཚོ་བོད་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་ལག་རྩལ”དང“མཚོ་བོད་ཀྱི་ས་བབ་མཐོ་བའི་ལོ་མང་འཁྱགས་སའི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་གི་འགག་རྩའི་ལག་རྩལ་དང་ལས་གྲྭར་བེད་སྤྱོད”ལས“མཐོ་གསུམ”གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་ཁྲོད་རྒྱུན་ཆད་མེད་པར་ནུས་པ་ཐོན་བཞིན་ཡོད། ད་ཆ་མཚོ་བོད་ལྕགས་ལམ་དང་། མོ་ཧོ་གནམ་ཐང་། གོར་ལྷ་སྣུམ་རླངས་མདོང་ལམ། ཀྲུང་ཕ་གཞུང་ལམ་སོགས་རྣམ་གྲངས་ཚང་མར་ལག་རྩལ་དེ་སྤྱད་པ་དང་། ལས་གྲྭར་གནོད་སྐྱོན་ཕོག་ཚད་དེ་རྒྱལ་སྤྱིའི་ཆ་སྙོམས་ཆུ་ཚད་ལས་50%ཡན་ཆག་ནས་གོ་ལ་ཧྲིལ་པོའི་འཁྱགས་སའི་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་གི་ཆུ་ཚད་གསར་པར་སླེབས་ཡོད། དེ་སྔ་ལོ་5ནས་10བར་ཉམས་གསོ་ཆེན་པོ་ཐེངས་གཅིག་བྱེད་དགོས་པའི་མཚོ་བོད་གཞུང་ལམ་དེ་2008ལོ་ནས་ད་བར་ཉམས་གསོ་ཆེན་པོ་བྱེད་དགོས་མ་བྱུང་བས་མ་དངུལ་སྒོར་དུང་ཕྱུར་10གྲོན་ཆུང་ཐུབ་ཡོད།
གསེར་ཡུལ་མྱུར་བགྲོད་གཞུང་ལམ་ནི་མཐའ་མཇུག་དེ་མ་ཡིན། རྣམ་གྲངས་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་སྐབས་དེ་དུས་དབང་ཧྲོང་ཅེ་ཡི་སེམས་ནང་སྔ་ས་ནས་བསམ་བློ་གསར་པ་ཞིག་འཁོར་ཡོད།
བྱང་གོར་མོ་ནས་ལྷོ་ཁུ་ནུ་རི་བོ་དང་གདང་ལའི་བར་ཆ་སྙོམས་ས་བབ་མཐོ་ཚད་སྨི་4600ཡོད་པ་དང་། སྤྱི་ལེ་700ལྷག་ཙམ་གྱི་ལོ་མང་འཁྱགས་ས་ཁུལ་བརྒྱུད་ན་གཞི་ནས་ལྷ་སར་འབྱོར་གྱི་ཡོད། དེ་ནི་ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་སྐྲུན་ཟིན་མེད་པའི་ལམ་དུམ་མཐའ་མ་སྟེ། མཚོ་བོད་མྱུར་བགྲོད་གཞུང་ལམ་ཡིན་ལ། དབང་ཧྲོང་ཅེ་ཡི་ད་ཆའི་དོན་ཆེན་དང་པོ་དེའང་རེད།
“མིག་སྔར་མཚོ་བོད་གཞུང་ལམ་ནི་གནམ་གཤིས་ལ་མ་བལྟོས་པར་བོད་དུ་ཡོང་སའི་གཞུང་ལམ་འབའ་ཞིག་དེ་ཡིན་མོད། འོན་ཀྱང་དེ་བསྐྲུན་ནས་ད་བར་ལོ་70ཙམ་སོང་བས་བོད་སྐྱོད་གཞུང་ལམ་གྱི་སྐྱེལ་འདྲེན་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བར་དམིགས་ན། ད་དུང་མི་འདང་བའི་ཆ་མང་པོ་ཡོད”དབང་ཧྲོང་ཅེ་ཡིས་ངའི་ཕུགས་འདུན་ནི་པེ་ཅིང་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་རྒྱུ་དེ་ཡིན”ཞེས་བཤད།
དབང་ཧྲོང་ཅེ་ཡིས་སེམས་འགུལ་ཐེབས་བཞིན་དུ་ཡར་ལངས་ནས་མདུན་ངོས་སུ་སོང་སྟེ། གྱང་ངོས་སུ་བཀལ་བའི་ཀྲུང་གོའི་ས་བབ་ཆགས་སྟངས་ཀྱི་ས་བཀྲ་དེར་མཛུབ་མོ་བཙུགས་ཏེ་ལྷོད་ལྷོད་ངང“མཚོ་སྔོན་གོར་མོ་ནས་ལྷ་ས་བར་གྱི་གཞུང་ལམ་ནི་མིག་སྔར་ལྷ་སར་འགྲོ་མཁན་མང་ཤོས་ཀྱི་གཞུང་ལམ་ཞིག་རེད། མྱུར་བགྲོད་གཞུང་ལམ་གྱི་ལམ་ཐག་ལ་སྤྱི་ལེ་1100ཙམ་ཟིན་པའི་ནང་ནས་སྤྱི་ལེ་795ཙམ་སྐྲུན་ཟིན་མེད། ད་ཆ་ང་ཚོའི་སྒྲིག་ཆས་དང་། རྒྱུ་ཆ། འདུ་ཤེས་བཅས་ཚང་མ་ཧ་ཅང་ལེགས་སུ་ཕྱིན་ཡོད་པས། རེ་བ་དེ་བས་མཐོ་བ་དང་སྤུས་ཚད་དེ་བས་ལེགས་པའི་གཞུང་ལམ་ཞིག་བསྐྲུན་ཐུབ་ངེས་རེད”ཅེས་བཤད།
“ང་ཁུ་ནུ་རི་བོའི་རྩྭ་ཐང་ཐོག་གི་རྩྭ་རྐང་གཅིག་བྱས་ནས་མཚོ་བོད་མྱུར་བགྲོད་གཞུང་ལམ་ལ་སྲུང་སྐྱོང་དང་དེར་རླངས་འཁོར་ཤར་གཏོང་ཐུབ་པའི་དཔང་པོའང་བྱེད་འདོད་ཡོད”ཅེས་དབང་ཧྲོང་ཅེས་བློ་རྩ་བརྟན་པོས་བཤད།